ཁྱེད་ཅག་འདྲ་ཞིག་བྱུང་ན་བསམ།

དབྱུག་སྲས།        2022-07-04

དགག་སྒྲུབ་རིག་པའི་སྣང་བ་འབར་བ་ཡིས། །

རྨོངས་པའི་གྲོང་ལ་མུན་འཇོམས་འོད་དཀར་ཤར། །

གཞུང་ལུགས་ཀུན་ལ་མཁྱེན་པའི་ལུས་སྟོབས་རྒྱས། །

མཁས་དགུའི་གཙུག་ན་མཁས་པའི་དབང་པོ་སྟེ། །

སློབ་དཔོན་ལེགས་ལྡན་འབྱེད་ལྟར་བྱུང་ན་བསམ། །

ཆུང་འདྲིས་རྩེད་རོགས་རྒྱང་ལ་དོར་བྱས་ཤིང་། །

སྲིད་པའི་ཆོས་ལ་ཕྱིར་མིག་མི་འཕེན་པའི། །

རང་སྣང་གང་ཤར་ཁེར་པུའི་འགྲོ་ལམ་བདམ། །

ཚེ་ལྷག་དབེན་པའི་རི་ཁྲོད་བསྟིམས་མཁས་པ། །

རྗེ་བཙུན་མི་ལ་བཞིན་དུ་བྱུང་ན་བསམ། །

བུ་དང་ཆུང་མའི་འཚོ་སྐྱོང་རྒྱབ་ཏུ་བསྐྱུར། །

སྙན་དང་གྲགས་པར་མཉེས་པ་ཡེ་ནས་ལྷོད། །

ཆར་རླུང་ཁྲོད་དུ་མི་གཡོ་ཞི་གནས་བསྒོམ། །

གྱོང་ཁ་བླངས་ཤིང་ཏིང་འཛིན་རོ་ཉམས་ཅན། །

དཀའ་ཆེན་ཡེ་ཤེས་རྒྱལ་མཚན་བཞིན་དུ་བསམ། །

དཔོན་གནས་གོ་ས་སྙིང་གི་དཀྱིལ་ནས་ལྷོད། །

འཇིག་རྟེན་བྱ་བྱེད་ངེས་མེད་རླུང་བུར་གཏད། །

ཀུན་ལ་སྨན་པའི་གསུང་གི་ནོར་འཛིན་བཀང་། །

རྩོམ་པའི་ནམ་འཕང་བཅད་པའི་མཚོ་བྱུང་སྲས། །

ཆོས་རྗེ་ས་པཎ་བཞིན་དུ་བྱུང་ན་བསམ། །

གཞོན་དུས་དགའ་བའི་ཆུང་མ་བསུ་ལོང་མེད། །

རྒས་དུས་ནོར་རྫས་ཕུང་པོ་གསོག་ལོང་མེད། །

རྒྱལ་ཁམས་རིག་པས་སྐོར་མཁན་ཕོ་རབ་སྟེ། །

ཕྱི་ཚུལ་གཉོམ་ཆུང་རིག་རྣོའི་མཁས་མཛངས་བུ། །

དགེ་འདུན་ཆོས་འཕེལ་ནང་བཞིན་བྱུང་ན་བསམ། །

སློབ་ཆེན་འགྲིམ་པའི་བགོ་སྐལ་རྒྱང་ལ་འཕངས། །

ཡིག་རིགས་ཀུན་ལ་སྦྱང་རྒྱུའི་ལས་སྐལ་དབུལ། །

རིག་གནས་གཞན་ལ་མྱོང་རོལ་བར་སྐལ་ཆད། །

གང་ལའང་བརྟག་ཙམ་བྱེད་མྱོང་མེད་ཅིང་ལུས། །

ཤི་རྗེས་འཛམ་གླིང་མཁས་པར་གྲགས་ན་བསམ། །



  • ལེ་ཚན་སྔོན་མ།:སྲོད་དུས་ཀྱི་རྒྱང་གླུ།
  • ལེ་ཚན་རྗེས་མ།:གདུང་བའི་མགུར།