དབྱང་ཞིན་ཕིང་གིས་ལས་སྒྲུབ་རུ་ཁག་ཁྲིད་ནས་དར་མདོ་གྲོང་ཁྱེར་དུ་དམིགས་འཛུགས་རོགས་སྐྱོར་ལ་བརྟག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-07-04

ཉེ་ཆར། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ། ཀྲི་ཀུང་ཏང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་དབྱང་ཞིན་ཕིང་གིས་ལས་སྒྲུབ་རུ་ཁག་ཁྲིད་ནས་དར་མདོ་གྲོང་ཁྱེར་དུ་དམིགས་འཛུགས་རོགས་སྐྱོར་ལ་བརྟག་ཞིབ་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཀྲི་ཀུང་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དབྱང་པང་ཆང་བརྟག་ཞིབ་བྱེད་སའི་ནང་ཞུགས་པ་རེད།

དབྱང་ཞིན་ཕིང་དང་བཅས་པས་ཀྲི་ཀུང་ཏང་སི་ཁྲོན་ཨུ་ཡོན་ལྷན་ཁང་གིས་དམིགས་འཛུགས་རོགས་སྐྱོར་བྱ་ཡུལ་གུར་དྲག་གྲོང་རྡལ་ཁན་ཀྲུའུ་གྲོང་སྡེར་ཕེབས་ནས། གྲོང་སྡེའི་ཨུ་ལྷན་དང་གྲོང་མི་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། གྲོང་མི་ཚོའི་དཔལ་འབྱོར་ཡོང་འབབ། ཐོན་སྐྱེད། འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཡུལ་དངོས་སུ་འབྲེལ་ཡོད་རོགས་སྐྱོར་ལས་གཞི་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་རེད། ཁོང་གིས་ཀྲི་ཀུང་ཏང་སི་ཁྲོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་དམིགས་ནས། སྟོབས་ཤུགས་གཅིག་སྒྲིག་བྱས་ཏེ་ཁན་ཀྲུའུ་གྲོང་སྡེར་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཕྱིན་ཆད་ལས་ཀའི་ནང་འབྲེལ་ཡོད་ཆེད་རམས་པ་སྒྲིག་འཛུགས་བྱས་ཏེ་གྲོང་རྡལ་དང་གྲོང་སྡེའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ལག་ལེན་དོན་འཁྱོལ་ཐུབ་པའི་གྲོང་སྡེ་དར་རྒྱས་ཁྱབ་ཚུལ་གྱི་ལག་བསྟར་འཆར་འགོད་ཅིག་ཐུན་མོང་ཐོག་ཞིབ་འཇུག་བྱས་ནས་བཟོས་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་འདིང་དགོས། ཁན་ཀྲུའུ་གྲོང་སྡེར་དབུལ་ཐར་ཐུབ་པའི་མང་ཚོགས་དང་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་མུ་མཐུད་ནས་སྤེལ་ཏེ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་དང་དཀའ་ངལ་ཐག་གཅོད་བྱས་ནས་འཕེལ་རྒྱས་ཀྱི་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབ་དགོས། ཏང་ཡོན་དང་ཆེད་རམས་པའི་ནུས་པ་མུ་མཐུད་ནས་འདོན་སྤེལ་བྱས་ཏེ། ཞིང་ལས་ལག་རྩལ་གྱི་མཛུབ་ཁྲིད་བྱེད་པ་དང་ཐོན་ལས་ཀྱི་ལས་གཞི་སྟོབས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། གྲོང་སྡེ་མཉམ་སྡེབ་ལ་སྐུལ་འདེད། ཞིང་པ་ཕྱུག་འགྱུར་འབབ་འཕར་ཡོང་བ་བཅས་བྱ་དགོས་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།