ཞི་ཅིན་ཕིང་གིས་འབྲུ་འདེབས་དུད་ཆེན་ལ་ཡིག་ལན་བསྐུར་ནས་སྐུལ་མ་གནང་།

ཐུབ་ཀྱིས་བསྒྱུར།        2022-06-30

      ཞི་ཅིན་ཕིང་གིས་འབྲུ་འདེབས་དུད་ཆེན་ལ་ཡིག་ལན་བསྐུར་ནས་ཞིང་དུད་ཆུང་བ་རྒྱ་ཆེན་ཁྲིད་དེ་འབྲུ་རིགས་མང་ཙམ་འདེབས་པ་དང་འབྲུ་རིགས་བཟང་པོ་བཏབ་ནས་མཉམ་དུ་རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་ཡོང་བར་བྱས་རྗེས་གཞག་དགོས་ཞེས་སྐུལ་མ་གནང་།

      སྤྱི་ཟླ6ཚེས27ཉིན་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཆེན་ཐའེ་ཧོ་རྫོང་གི་འབྲུ་འདེབས་དུད་ཆེན་ཞུས་ཙུང་ཞང་ལ་ཡིག་ལན་སྤྲིངས་ནས་ས་གནས་དེ་གའི་ཡུལ་མི་ཚོར་འཚམས་འདྲི་ཞུས་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་འབྲུ་འདེབས་དུད་ཆེན་ལ་རེ་བ་ནན་པོ་བཏོན་པ་རེད།

     ཞི་ཅིན་ཕིང་གིས་ཡིག་ལན་ནང་དུ། ངས་ཁྱོད་ནི་ཨན་ཧའེ་ཐའེ་ཧོ་ཡི་འབྲུ་འདེབས་མཁས་པ་ཞིག་ཡིན་པ་དྲན་ཐུབ་ཀྱི་འདུག། ཁྱེད་ཚང་གིས་བཏབ་པའི་གྲོ་ལ་ལོ་ལེགས་བྱུང་ཡོད་པ་དང་། བུ་ཚ་བོས་ཀྱང་ཁྱེད་ཀྱི་རྗེས་སུ་འབྲངས་ནས་སོ་ནམ་ལས་ཀ་སྒྲུབ་བཞིན་ཡོད་པའི་གནས་ཚུལ་ཤེས་རྗེས་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་འདུག།

     ཞི་ཅིན་ཕིང་གིས་བསྟན་དོན། ལག་པར་འབྲུ་རིགས་ཡོད་ན་སེམས་ཁྲལ་མེད་ཅེས་པ་ལྟར། འབྲུ་རིགས་ཐོན་སྐྱེད་ཐད་ངས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་ཀྱང་རྟག་ཏུ་ཞིང་ནང་དང་མུ་ཁར་ལྟ་བར་འགྲོ་གི་ཡོད། ལོ་འདི་དག་གི་རིང་ལ། ཏང་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་ནི། ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པ་དང་། འབྲུ་རིགས་འདེབས་མཁན་ཞིང་པར་དངུལ་དང་ཁེ་ཕན་རག་ཅིང་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་རུ་འཇུག་རྒྱུའི་ཆེད་དུ་རེད། འབྲུ་འདེབས་དུད་ཆེན་གྱིས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་ལེགས་ཆ་འདོན་པ་དང་། དེང་རབས་ཞིང་ལས་ཚན་རྩལ་བེད་སྤྱོད་ཧུར་ཐག་བྱེད་ཅིང་། ཞིང་དུད་ཆུང་ངུ་རྒྱ་ཆེན་ཁྲིད་དེ་འབྲུ་རིགས་མང་ཙམ་འདེབས་པ་དང་འབྲུ་རིགས་བཟང་པོ་བཏབ་ནས་མཉམ་དུ་རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་ཡོང་བར་བྱས་རྗེས་གཞག་དགོས།

     ཞུས་ཙུང་ཞང་ནི་ཨན་ཧུའེ་ཞིང་ཆེན་ཕུའུ་དབྱང་གྲོང་ཁྱེར་ཐའེ་ཧོ་རྫོང་ཇུའུ་ཞན་གྲོང་རྡལ་ཀྲང་ཧོའེ་གྲོང་ཚོའི་ཞིང་པ་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་བློ་རྩེ་གཅིག་སྒྲིམ་གྱིས་ཞིང་ལས་ཚན་རིག་ལག་རྩལ་ལ་བརྩོན་ཞིབ་བྱས་དང་བྱེད་བཞིན་ཡོད།2010ལོར་སྣེ་ཁྲིད་དེ་ཞིང་ལས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། རིམ་བཞིན་ས་གནས་དེ་གའི་འབྲུ་འདེབས་དུད་ཆེན་དུ་གྱུར། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་རྒྱལ་ཡོངས་ཀྱི་འབྲུ་འདེབས་མིག་དཔེ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།2011ལོའི་ཟླ་བ4པར། ཞི་ཅིན་ཕིང་ཀྲང་ཧོའེ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་སྐབས་ཁོ་དང་ཡུལ་མི་ཚོའི་ས་ནས་གྲོ་འདེབས་འཛུགས་བྱས་ཚུལ་རྒྱུས་ལོན་གནང་བ་རེད། ཉེ་ཆར་ཞུས་ཙུང་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡི་གེ་བྲིས་ནས་ལོ་བཅུ་ལྷག་ཙམ་རིང་འབྲུ་རིགས་ཐོན་སྐྱེད་བྱེད་པ་དང་མང་ཚོགས་དབུལ་ཐར་ཡོང་བར་རོགས་རམ་བྱེད་པ་སོགས་ཀྱི་གནས་ཚུལ་དང་མྱོང་ཚོར་སྙན་སེང་ཞུས་ཏེ། ཞིང་ལས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གྱི་ལས་དོན་མུ་མཐུད་དེ་ཡག་པོ་བསྒྲུབ་པ་དང་། ཞིང་པ་དེ་བས་མང་པོ་སྐུལ་ཁྲིད་བྱས་ཏེ་འབྲུ་རིགས་མང་ཙམ་འདེབས་པ་དང་འབྲུ་རིགས་བཟང་པོ་འདེབས་པའི་ཆོད་སེམས་མངོན་པར་མཚོན་པ་རེད།།


  • ལེ་ཚན་སྔོན་མ།:འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་སྐྲུན་འགོ་ཚུགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་འཚོགས།
  • དོ་སྣང་ཆེ་བའི་རྩོམ།