དཀར་མཛེས་རྫོང་གིས་དམག་མི་གསར་ཞུགས་ཚོར་སྐྱེལ་མ་འདི་འདྲ་བྱས།

        2023-03-14

སྤྱི་ཟླ3ཚེས10ཉིན་གྱི་སྔ་དྲོར། དཀར་མཛེས་རྫོང་གི2023ལོའི་ལོ་སྟོད་ཀྱི་དམག་མི་གསར་དུ་ཞུགས་པ་ཚོར་སྐྱེལ་པའི་མཛད་སྒོ་རྫོང་ནོར་བུ་གླིང་ཁའི་ཐང་ཆེན་དུ་སྤེལ་ནས་དམག་མི་གསར་པ་ཚོ་ཁྱིམ་སྲུང་རྒྱལ་སྐྱོང་གི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པར་སྤྲོ་སེམས་འཕེལ་བའི་ངང་ནས་སྐྱེལ་མ་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུ་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་དང་རྫོང་གི་འབྲེལ་ཡོད་མགོ་ཁྲིད་མཛད་སྒོར་ཞུགས་པ་རེད།

     དགའ་སྐྱེལ་མཛད་སྒོ་སྤེལ་ཡུལ་དུ་དམག་མི་གསར་པ་ལྔའི་ལུས་ལ་དམག་གོས་དང་། བྲང་ལ་མེ་ཏོག་དམར་པོ། དཔུང་ལ་གཟི་བརྗིད་གཟེངས་དར་བཅས་ཀྱིས་བརྒྱན་ནས་དཔའ་ཉམས་ལྡན་པའི་ངང་ཀྲོང་ངེར་ལངས་ཡོད་པ་དང་། དམག་མི་རྒན་གྲས་ཞབས་ཞུ་རུ་ཁག་གིས་རྔ་བརྡུངས་ནས་དམག་མི་གསར་པ་ཚོར་སྐྱེལ་མ་ཞུས་པ་དང་རྫོང་མི་དམངས་དྲག་ཆས་པུའུ་ཡི་དམག་དཔོན། ཆབ་སྲིད་ཨུ་ཡོན་ལིའུ་པའོ་ལུང་གིས་དམག་བསྡུའི་བཀའ་རྒྱ་བསྒྲགས་པ་རེད།

     རྫོང་དཔོན་ཆིའུ་ཐའེ་ཡིས་རྫོང་མགོ་ཁྲིད་ཚོགས་པ་བཞིའི་ཚབ་བྱས་ནས་ཤིས་ཚིག་ཕུལ་བ་དང་། ཁྱིམ་ཚང་ཆུང་ཆུང་དོར་ནས་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་མོར་ཞབས་འདེགས་ཞུ་བའི་རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་མཁན་ཁྱིམ་བདག་ཚོར་སྙིང་ཁོག་རུས་པའི་གཏིང་ནས་བཀའ་དྲིན་ཞུས་པ་དང་ཆབས་ཅིག། དམག་མི་གསར་པ་རྣམས་ཀྱིས་ཕུགས་བསམ་བརྟན་པོར་བཅངས་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་ཆེར་སྐྱེད་ཅིང་། ན་གཞོན་ཞིག་ནས་དམག་མི་ཚད་ལྡན་ཞིག་དང་ཕུལ་བྱུང་ཞིག་ཏུ་གང་མགྱོགས་འགྱུར་གང་ཐུབ་བྱེད་པ་དང་། སྙིང་རུས་ཆེན་པོས་ཡོན་ཏན་ལེགས་པར་སྦྱངས་ནས་འབྲས་བུ་བཟང་པོས་ཕ་མ་དང་རང་ལ་གཅེས་མཁན་ཚོའི་རེ་སྨོན་ཆུད་མི་ཟ་བ་བྱ་དགོས་པའི་རེ་བ་བཏོན་པ་རེད།

དགའ་སྐྱེལ་མཛད་སྒོ་ལ་ཞུགས་མཁན་མགོ་ཁྲིད་གཞན་དག་གིས་རེ་རེ་བཞིན་དམག་མི་གསར་པ་དང་དམག་མི་གསར་པའི་ཁྱིམ་བདག་ཚོར་ཁ་བཏགས་དང་བཀྲ་ཤིས་སྨོན་འདུན་ཞུས་པར་མ་ཟད། སློབ་གཉེར་བརྒྱུད་རིམ་གྱི་བྱ་དགའི་དངུལ་དང་གཟི་བརྗིད་ཁྱིམ་གཞིས་ཀྱི་སྒོ་བྱང་ཡང་སྤྲད་པ་རེད།།

དཀར་མཛེས་རྫོང་གི་ལས་ཞོར་གསར་འགོད་པ་བློ་བཟང་དོན་འགྲུབ་ཀྱིས་བྲིས་ཤིང་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་དོན་གཅོད་ཁང་གིས་མགྲོན་ཁང་ཚགས་བཤེར་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།