སོར་རྩེའི་འཕྲུལ་རྩལ་ལས་འཁྲུངས་པའི་ཡིག་གཟུགས་ཀྱི་ལང་ཚོ།

དབང་ཆེན་གྱིས་བྲིས་ཤིང་བྱང་དགས་པར་མཁོ་འདོན་བྱས།        2022-07-01

ཡིག་མཁན་བྱང་དགའི་གནས་ཚུལ་རགས་བཀོད།

སོར་རྩེའི་འཕྲུལ་རྩལ་ལས་འཁྲུངས་པའི་ཡིག་གཟུགས་ཀྱི་ལང་ཚོ།


ལངས་བྱམས་དྲུང་འཚོའི་སྨན་རབས་བདུན་པ། ལྷ་རྗེ་བྱང་དགའ་འམ་དངོས་མིང་བྱང་ཆུབ་ཆོས་འཕེལ་ཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ1965ལོར་མདོ་ཁམས་སྡེ་དགེ་རྫོང་ལྕགས་ར་ཡུལ་ཤོག་ཚེ་ས་ཧྱམ་མདའ་གྲོང་ཞེས་པ་སྨན་པའི་རྒྱུད་པ་བར་མ་ཆད་པའི་ཁྱིམ་རྒྱུད་གཙང་མར་སྐྱེས་ཤིང་། སྤྱི་ལོ1971ལོར་ཧྱམ་མདའ་སློབ་ཆུང་དུ་ཞུགས་ཤིང་ཟུར་དུ་ཡབ་ཀྱི་མདུན་ནས་བོད་རང་གི་སྐད་ཡིག་གི་རྨང་གཞི་དང་དཔལ་ལྡན་གསོ་རིག་རྒྱུད་བཞི་བློ་ལ་འཛིན་པ་སོགས་སྦྱངས་བརྩོན་ལྷོད་མེད་བྱས་པ་རེད།

1976ལོ་ནས1978ལོའི་བར་ཧྱམ་མདའ་རུ་ཆེན་གྱི་མཉམ་འབྲེལ་སྨན་ཁང་དུ་རྐང་རྗེན་སྨན་པ་མཛད་ནས་དྲུང་འཚོའི་སྨན་རབས་ལྔ་པ་མེས་པོ་ལྷ་རྗེ་སྐལ་བཟང་ཚེ་རིང་དང་ཡབ་ལྷ་རྗེ་བཟོད་པའི་མདུན་ནས་གསོ་རིག་རྒྱུད་བཞི་དང་། ཀོང་སྤྲུལ་ཟིན་ཏིག་ཤེལ་གོང་ཤེལ་ཕྲེང་བཅས་ཀྱི་ཁྲིད་ལུང་དང་། སྨན་རྩྭ་ངོས་འཛིན། འདུལ་སྦྱོང་ལག་ལེན།གྲྭ་མང་ལྷ་རྗེའི་ནད་སྨན་སྤྲད་པའི་ཉམས་མྱོང་སོགས་བོད་སྨན་རྨང་གཞིའི་ཤེས་བྱ་ལ་སྦྱངས། ཞོར་དུ་སྤྲུལ་སྐུ་ཉི་མ་རྒྱལ་མཚན་མདུན་ནས་ཁྱུང་བྲིས་སྐོར་དང་སྡེ་བྲིས་ཚུགས་ཐུང་ལ་ཐོག་མར་སློབ་སྦྱོང་བྱས་པ་རེད།

སོར་རྩེའི་འཕྲུལ་རྩལ་ལས་འཁྲུངས་པའི་ཡིག་གཟུགས་ཀྱི་ལང་ཚོ།

དེ་ནས་སྤྱི་ལོ1978ལོ་ནས1980ལོའི་བར་སྡེ་དགེ་ལྷུན་འགྲུབ་སྟེང་དུ་ཕྱིན་ནས་སྡེ་དགེའི་རྒན་རབས་ཀྱི་མཁས་དབང་རྣམ་པའི་མདུན་ནས་སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་གྱི་འགོ་འཛིན་ཏེ་ལྷ་བཟོ་སྤྲུལ་སྐུ་ཐུབ་བསྟན་ཚེ་རིང་གི་དྲུང་ནས་བྲིས་འབུར་ལྷ་ཡི་ཐིག་ཚད་དང་རི་མོའི་སྐོར་ལ་སྦྱངས་པ་དང་། སྤྲུལ་སྐུ་སྒྲུབ་རྒན་དང་ཉི་མ་རྒྱལ་མཚན་རྣམ་གཉིས་དང་། སྐུ་ཞབས་པདྨ་བདུད་འདུལ་དང་བརྩོན་འགྲུས་རྡོ་རྗེ། ཀེ་སྲིབ་འུ་ལུ་སོགས་ཀྱི་མདུན་ནས་སྡེ་བྲིས་བྲིས་རྒྱུན་ཆ་ཚང་སྦྱངས། སྤྱི་ལོ1981ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད་ནས་ཐོག་མར་དཔལ་སྤུངས་བཟོ་རིག་འཛིན་གྲྭར་བཟོ་རྒྱལ་ཐང་ལྷ་ཐང་བླ་ཚེ་དབང་མདུན་ནས་སྐུ་གཟུགས་ཐིག་རྩའི་གཞུང་ལུགས་རི་མོ་བཅས་ཆ་ཚང་དང་། མཁན་པོ་དི་ཆུང་བློ་ཆོས་དང་སྤྲུལ་སྐུ་རྡོར་ལོ། མཁན་པོ་སྐུ་ནུབ་འོད་ཟེར། མདོ་ཟླ་གསལ་དབང་མོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དེ་དག་སློབ་དཔོན་དུ་བསྟེན་ནས་ནག་རྩིས་དང་སུམ་རྟགས་ལན་ཝར་སྐོར་དང་སྡེ་བྲིས་གསར་མའི་བྲིས་རྒྱུན་བཅས་ཆ་ཚང་སྦྱངས། སྤྱི་ལོ1982ལོར་ཕྱིར་རྫོགས་ཆེན་དུ་གསོ་རིག་འཛིན་གྲྭར་ཞུགས་ནས་དཔལ་ལྡན་གསོ་རིག་རྒྱུད་བཞི་སོགས་སྨན་རྩིས་སྐོར་གྱི་ཆེད་གཉེར་དང་། ཐུན་མོང་རིག་གནས་སྤྱི་དང་བྱེ་བྲག་སུམ་རྟགས་དག་གསུམ་དང་ལོ་རྒྱུས། ཡིག་གཟུགས་སྣ་ཚོགས་བཅས་ལ་སློབ་གཉེར་གྱི་གོ་སྐབས་ལེགས་པོ་ཐོབ་པར་མ་ཟད། རིས་མེད་སྐྱེས་ཆེན་རྣམས་ཀྱིས་གཞུང་བཀའ་པོད་ལྔ་སོགས་ཀྱི་དགོངས་འགྲེལ་བསྟན་བཅོས་གྲངས་མང་གི་དབང་ལུང་ཁྲིད་དང་བཅས་ཐོབ་པའོ།

1982ལོའི་དབྱར་དུས་ཀྱི་གུང་གསེང་སྐབས་སྡེ་དགེ་པར་ཁང་ཆེན་མོས་མཁན་ཆེན་ཁྲོ་རུ་ཚེ་རྣམ་གདན་ཞུས་ལྟར་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་གྲངས་སྦྱོར་ཆེན་མོ་སོགས་རིན་ཆེན་ཁག་བསྡུ་སྦྱོར་དང་། སྡེ་དགེ་བོད་སྨན་ཁང་དུ་དཔལ་ལྡན་གསོ་རིག་རྒྱུད་བཞིའི་ཁྲིད་ལུང་དང་། གཞན་ཡང་རིགས་ལྡན་སྙིང་ཐིག་རི་མོ་བཅས་ཀྱི་མན་ངག་ཟབ་ཁྲིད་ལག་ལེན་དང་བཅས་པ་ཆ་ཚང་བར་ཐོབ་པའོ།

སོར་རྩེའི་འཕྲུལ་རྩལ་ལས་འཁྲུངས་པའི་ཡིག་གཟུགས་ཀྱི་ལང་ཚོ།

སྤྱི་ལོ1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་རུ་གསོ་རིག་དང་བཟོ་རིག་བྲིས་གཟུགས་བཅས་ཀྱི་དགེ་རྒན་དང་སློབ་གྲྭའི་སྨན་ཁང་གི་སྨན་པ་མཛད་ནས་མི་ལོ་དྲུག་གི་རིང་ལ་སློབ་མ་གསོ་སྐྱོང་དང་འགྲོ་བ་ཉམ་ཐག་ནད་པའི་བྱ་བ་བསྒྲུབས་ཡོད།

1991ལོའི་ལོ་འགོར་སྡེ་དགེ་པར་ཁང་དུ་ལས་གནས་སྤོས་ཏེ་པར་ཁང་སྨན་ཁང་གི་འགན་ཁུར་ནས་སྨན་བཅོས་ལག་ལེན་སྡེབ་སྦྱོར་བཅས་བྱ་བ་དང་། ཞོར་དུ་པར་ཁང་གི་དཀར་ཆག་རྩོམ་སྒྲིག་ཚོ་ཆུང་གི་འགན་ཁུར་བ་དང་རྩོམ་སྒྲིག་ཀྱང་མཛད་པ་དང་། གཞན་ཡང་གསར་དུ་ཤིང་པར་བརྐོས་པའི་རིན་གཏེར་སོགས་ཞུ་དག་དང་ལེགས་བཅོས་སོགས་མཛད་པ་རེད། སྤྱི་ལོ1992ལོར་པར་ཁང་གི་ལས་དོན་སྒྲུབ་ཞོར་དུ་སྡེ་དགེ་རྫོང་སྲིད་གཞུང་དང་བོད་སྨན་ཁང་།ཨ་དཀོན་རོགས་ཚོགས་བཅས་ཀྱིས་བོད་སྨན་སློབ་གྲྭ་བཙུགས་པར་བྲིས་དང་གསོ་རིག་ལ་སོགས་པའི་དགེ་རྒན་གྱི་འགན་བཞེས།2000ལོར་པར་ཁང་གི་པར་དཔོན་གཙོ་གཞོན་པའི་འགན་བཞེས་ནས་དཀར་ཆག་བསྒྲིགས་པ་དང་། ཨ་དཀོན་རོགས་ཚོགས་དང་མཉམ་དུ་སྔར་ཤིང་པར་མ་འཁོད་པའི་བཀའ་རྒྱུད་པའི་དཔེ་དཀོན་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་། ཕག་མོ་གྲུ་པ། སི་ཏུ་པདྨ་རིག་བྱེད་སོགས་ཀྱི་གསུང་འབུམ་པར་དུ་བསྐྲུན་ཏེ་རིག་དངོས་སྲུང་སྐྱོབ་ཀྱི་བྱ་བ་གང་ནུས་བསྒྲུབས།

སོར་རྩེའི་འཕྲུལ་རྩལ་ལས་འཁྲུངས་པའི་ཡིག་གཟུགས་ཀྱི་ལང་ཚོ།

2003ལོར་རྫོང་བོད་སྨན་ཁང་དུ་ཡོན་ཀྲང་གཞོན་པ་བསྐོ་བཞག་ལྟར་ལོ་ཕྱི་ནང་གཉིས་ཀྱི་ནང་བོད་སྨན་ཁང་གི་དངུལ་བཙོ་ཆེན་མོ་ཐེངས་གསུམ་པ་དང་རིན་ཆེན་ཁག་བསྡུ་སྦྱོར་སོགས་མདོར་ན་སྡེ་དགེ་བོད་སྨན་གྱི་བསྟན་པ་ལ་བྱ་བ་མི་ཉུང་བར་བསྒྲུབས་ཡོད་པ་རེད།

2004ལོར་དཀར་མཛེས་ཁུལ་རིག་གནས་ཅུས་ཀྱིས་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྡེ་བྲིས་ཀྱི་བརྒྱུད་འཛིན་པའི་མཚན་སྙན་ཐོབ། 2005ལོར་སྡེ་དགེ་རྫོང་བོད་སྨན་མཐུན་ཚོགས་ཀྱི་བྱ་བ་སྒྲུབ་ཅིང་།ལོ་དེར་ཡབ་དང་མཉམ་དུ་སྡེ་དགེ་ཐང་རྒྱལ་བོད་སྨན་ཁང་བཙུགས་ཤིང་།དངུལ་བཙོ་ཆེན་མོ་དང་རིན་ཆེན་ཁག་སོགས་སྨན་སྣ་བརྒྱ་ལྷག་བསྡུ་སྒྲུབ་མཛད་པ་དང་། རིས་མེད་ཉམ་ཐག་ནད་པ་ལ་སྨན་བཅོས་ཀྱི་བྱ་བ་གང་མང་བསྒྲུབས་ཡོད་པ་རེད།

2008ལོར་སི་ཁྲོན་ཞིང་ཆེན་རིག་གནས་སྡེ་ཁག་གིས་ཞིང་ཆེན་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་སྡེ་བྲིས་ཀྱི་བརྒྱུད་འཛིན་པའི་མཚན་གསོལ་བ་དང་། སྡེ་དགེ་རྫོང་བོད་སྨན་རྩིས་ཁང་གི་ཡོན་ཀྲང་། སྡེ་དགེ་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གི་སུའོ་ཀྲང་། སྡེ་དགེ་བོད་སྨན་མཐུན་ཚོགས་ཀྱི་ཚོགས་གཙོ། རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་ཁུལ་དམངས་ཆེན་གྱི་འཐུས་མི། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཤིང་པར་དུ་བསྐྲུན་པའི་ཞུ་དག་ཆེད་མཁས་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས་ད་བར་དུ་སྡེ་དགེ་བོད་སྨན་རྩིས་ཁང་གི་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་སྲོལ་རྒྱུན་གྱི་རྒྱུད་པ་མ་མཉམ་གོང་འཕེལ་དང་ཉམས་པ་སོར་ཆུད་ངང་དེང་རབས་ཟུང་འབྲེལ་ཅན་གྱི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཕྱིའི་འཛུགས་བསྐྲུན་དུ།སྐབས་བཅོས་ཁང་བརྩེགས་དང་ནད་པ་སྡོད་ཁང་།སྡེབ་སྦྱོར་ལྟེ་གནས།བོད་སྨན་གཤམས་སྟོན་ཁང་དང་གནའ་དེང་དཔེ་མཛོད་ཁང་།སྨན་རྫས་བཟོ་བསྐྲུན་ཁང་། སྨན་ལུམས་ཁང་།བོད་ལུགས་གསོ་ཐབས་ཁྱད་ཆོས་ཁང་།བོད་ལུགས་གསོ་རིག་ཞིབ་འཇུག་ཁང་།དངུལ་བཙོ་ཆེན་མོ་བསྡུ་སྒྲུབ་ཁང་།ལྕགས་ཁམས་ཐལ་བཟོ་ཁང་བཅས་དང་།གཡུ་ཐོག་གི་སྐུ་དང་མཆོད་རྟེན་ཆ་བརྒྱད་སོགས་དང་།ནང་གི་འཛུགས་བསྐྲུན་ལ་རབ་འབྱམས་ཞིབ་འཇུག་སློབ་མ་སོགས་མི་སྣ་གསོ་སྐྱོང་དང་།གནའ་དཔེ་གང་མང་བསྡུ་སྒྲིག་མཛད་དེ་པར་དུ་བསྐྲུན་པ།ཟངས་གསེར་ལས་གྲུབ་པའི་སྨན་བླའི་སྐུ་དང་།ཀརྨ་སྒར་བྲིས་ཀྱི་ལུགས་ལྟར་སྨན་ཐང་བརྒྱད་བཅུ་གསར་བཞེངས་དང་།དབང་ལུང་མན་ངག་ལྡན་པའི་མདོ་དབུས་ཁམས་གསུམ་གྱི་མཁས་དབང་དག་གདན་འདྲེན་ཞུ་བ་དང་ཤེས་ཡོན་མི་སྣ་གསོ་སྐྱོང་གནང་བ་སོགས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་དང་ཁྱད་ཆོས་ལྡན་པའི་རིག་གཞུང་ལག་ལེན་སོགས་རྒྱུན་སྐྱོང་མཛད་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པ་སྙིགས་དོར་བཅུད་ལེན་བྱས་ནས་རྒྱལ་ཁབ་ཀྱི་རིམ་པ་ལྡན་པའི་བོད་ལུགས་སྨན་ཁང་ཕུན་སུམ་ཚོགས་པ་ཞིག་གི་ཁ་ཕྱོགས་སུ་སྐྲུན་པ་དང་། གཞན་ཡང་གོ་སྐབས་ཐོབ་པ་འདི་ནི་ཁོང་གིས་མི་ལུས་ཐོབ་པའི་རིན་ཐང་དུ་བརྩི་བའོ།།

  • ལེ་ཚན་སྔོན་མ།:ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།