ཚེ་རིང་སྒྲོལ་མ། 2019-04-12
བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་སྤྱི་ལོ1993ལོར་དཀར་མཛེས་རྫོང་གི་རྫ་ཁོག་ཡུལ་ཚོའི་ཉག་གཞིས་ཚང་དུ་ཐོག་མའི་ལྟེ་ཕྲག་འཐོར། ཆུང་དུས་ནས་རང་གི་ཨ་ཕྱི་ལགས་ཀྱིས་ཁོང་ནི་ཞང་པོ་སྐུ་སྟོན་པ༼ ཚེ་དབང་ནོར་བུ།༽ ནས་བརྒྱུད་པའི་གསུང་རབ་གསེར་གྱིས་འབྲི་བའི་ཕྱག་རྒྱུན་དེ་ཁོང་ལ་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་ཤེས་ན་འདོད་པས་ལོ་གཅིག་ལ་ཉེ་བ་ནས་ཕ་མ་གཉིས་ཀྱི་མདུན་ལ་མ་བཞག་པར་ཨ་ཕྱི་ལགས་ཁོང་གིས་རང་ལོ་བཅུ་གསུམ་ལ་མ་འབུད་ཀྱི་བར་དུ་གཉོར་སྐྱོང་བྱས་ཏེ་སློབ་ཆུང་འགྲིམ་པའི་ཞོར་དུ་བྲིས་ལ་མཁས་པའི་དགེ་རྒན་དམ་པ་མང་པོའི་མདུན་སར་མངགས་པས་དགེ་རྒན་རྣམས་ཀྱིས་མཛུབ་ཁྲིད་བཟང་པོས་ཡིག་གཟུགས་ལ་དགའ་བའི་གོམས་གཤིས་ཟབ་མོ་བཞག
2015ལོ་ནས་བོད་ཀྱི་ཡིག་གཟུགས་ཆེད་སྦྱོང་གི་ལམ་དུ་ཞུགས་ཏེ་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་སར་ཆེད་བཅར་གྱིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དྲི་མ་མེད་པར་འབྲི་སྦྱོང་ལྷོད་མེད་བྱས་ཤིང་། དགེ་རྒན་ཁོང་རྣམ་པས་ཀྱང་དམིགས་བསལ་ལྟ་སྐྱོང་དང་བསྔགས་བརྗོད་གནང་བར་མ་ཟད། དཀར་མཛེས་ཁུལ་དུ་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་ལས་དབུ་ཅན་ལ་ཨང་དང་པོའི་རྟགས་མ་ཐོབ།
2018ལོར་ཁོང་གིས་རང་རེའི་ཁུལ་དུ་གསེར་བྲིས་རིག་གནས་ཀྱི་དབུགས་རྒྱུན་ཕྲ་མོ་འགག་ལ་ཉེ་བར་གཟིགས་ནས་དཀར་མཛེས་རྫོང་དུ་དཀར་མཛེས་བོད་ཀྱི་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་བཙུགས་ཏེ། རང་ཉིད་ཀྱི་ཆུང་དུས་ཀྱི་ཕུགས་འདུན་མངོན་དུ་འགྱུར་བར་ངལ་བ་དུ་མར་མ་འཛེམ་པར་བོད་ཀྱི་གསེར་བྲིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ཞུགས། དེ་ཡང་ང་ཚོའི་ལོ་རྒྱུས་ཀྱི་མེ་ལོང་ན་བཞུགས་པའི་ཤེས་རིག་གི་བཙན་རྫོང་དུ་གྱུར་པ་གནའ་དཔེའི་བྱུང་རིམ་ནི། བོད་རྒྱལ་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ། ལོ་ཙཱ་བ་ལི་ཐི་སི་དང་པཎྜིཏ་བློ་སེམས་འཚོ་གཉིས་ཀྱིས་བསྣམས་ཏེ་ཕེབས་ནས། རིམ་བཞིན་དུས་རབས་མི་འདྲ་བའི་རིག་གཞུང་གི་རིན་ཐང་ཁུར་ནས་བྱོན་པ་ཞིག་སྟེ།དེ་ཡང་གསུང་རབ་གསེར་བྲིས་བྱེད་པའི་ཆུ་མགོ་ནི། གངས་ཅན་དཔར་གྱི་རིག་པ་མ་བྱུང་བའི་གོང་རོལ་དུ་བཤད་ཅིང་། མཚལ་དང་གསེར། དངུལ།གཡུ་བྱུར་སོགས་ཀྱི་ཁུ་བས་སྣག་ཚ་བགྱིས་ཏེ་མཐིང་ཤོག་དང་གན་ཤོག ཀོང་ཤོག་སོགས་བོད་ཤོག་སྣ་མང་གྱི་སྟེང་དུ་ཡིག་མཁན་གྱི་སོར་མོའི་འདུ་བྱེད་ཁོ་ནར་བཅོལ་ནས་དབུ་ཅན་དང་། དབུ་མེད་སོགས་ཀྱིས་འབྲི་བཞེངས་གནང་བ་ཞིག་ཡིན་སྟབས་གསེར་ཡིག་འབྲི་བཞེངས་བྱེད་པ་ལ་ཉེ་བར་མཁོ་བའི་བོད་ཤོག་ལས་སྣོན་བྱེད་སྟངས་དང་མཐའ་ཐིག་འདབས་སྟངས། གསེར་དངུལ་འདུལ་སྦྱོང་བྱེད་སྟངས་བཅས་ཀྱི་ལག་རྩལ་སོགས་ལའང་དབང་ཐོབ། དེ་བས་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་དུ་གནས་གཞི་བྱས་པའི་གསེར་བྲིས་ཁང་དག་གིས་གདན་ཞུ་བྱས་ཤིང་བོད་ཤོག་བཟོ་སྟངས་སོགས་ལ་མཛུབ་ཁྲིད་བྱས།དེ་ཡང་། ཁམས་པའི་དྲ་བ་དང་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ། རྒྱལ་ཡོངས་ས་ཆེན་དྲ་བ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཁམས་པའི་བརྙན་འཕྲིན་གྱི་“བཀྲ་ཤིས་གཡང་ལོ།”ལོ་སར་དགོང་ཚོགས་ཀྱི་འཆར་ངོས།དཀར་མཛེས་ཉིན་རེའི་ཚགས་པར། གངས་དཀར་རི་བོའི་དུས་དེབ། འབོད་པ་འདོན་ཐེངས་གསུམ་པ་སོགས་དང་རྫ་སྲས་བོད་ཀྱི་རིག་གནས་འཕྲིན་སྟེགས་སོགས་ཚད་ལྡན་གྱི་འཕྲིན་སྟེགས་བཅུ་ཕྲག་དང་། ཧྲེན་ཀྲེན་གྲོང་ཁྱེར་དང་རང་ཁུལ་གྱི་ཡུལ་སྐོར་ལྟེ་གནས་གྲགས་ཅན་ཉི་སྟེན་གྱི་བཤམས་སྟོན་ཁང་དག་གིས་ཀྱང་ཁོང་གི་ཡིག་གཟུགས་ལ་མགྲོན་དུ་བོས།
ད་ལྟ་དཀར་མཛེས་བོད་ཀྱི་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱི་ཁྱབ་འགོ་འཛིན་པ་དང་། དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚོ་ཆུང་གི་ཚོགས་མི་བཅས་ཀྱི་ལས་ཀ་བྱེད་པའི་ཞོར་དུ་སློབ་མ་མང་པོ་གསོ་སྐྱོང་བྱེད་བཞིན་ཡོད་ལ། དེ་དག་ལའང་རང་གིས་སྦྱངས་པ་མཐར་སོན་པའི་དབུ་ཅན་ཁམས་ཀྱི་སྡེབ་བྲིས་དང་སྙེ་བྲིས། སྨོན་ལམ་ཡིག་གཟུགས་དང་ཚེ་ཏན་ཡིག་གཟུགས་སོགས་ཀྱིས་གསེར་བྲིས་སྣ་ཚོགས་འབྲི་ལུགས་ལ་སློབ་ཁྲིད་བྱེད་བཞིན་ཡོད།
ཟླ་འགའ་ཡི་སྔོན་དུ་ཁོང་གིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་བཅར་འདྲི་བྱས་པར་དང་ལེན་བྱས་ཏེ་བཤད་རྒྱུར། ངས་དམིགས་ཀྱིས་ལས་རིགས་འདི་བདམས་པ་ནི་ང་ཚོའི་ས་ཁུལ་དུ་ཉེ་བའི་ལོ་བཅུ་ཕྲག་འགའི་ཡར་སྔོན་དུ་གསེར་བྲིས་འབྲི་བའི་སྲོལ་ཡོད་ན་ཡང་། རིག་གསར་སོགས་དུས་ཀྱི་འགྱུར་བ་ཡི་དབང་གིས་མིག་སྔར་རིན་ཐང་གཞལ་ཐབས་བྲལ་བའི་རིག་གནས་འདི་བསྐྱར་གསོ་བྱེད་མཁན་ཧ་ཅང་ཉུང་སྟབས། རང་གིས་ནུས་པ་ཡོད་དགུས་ལས་རིགས་འདི་ལ་འཇུས་ཏེ། བོད་རང་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ཀྱིས་ཐོན་རྫས་བཞེངས་སྐྲུན་བྱས་ཏེ་དེ་ཉིད་ཁྲོམ་རར་འགྲེམས་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་བྱ་བར་སྐུལ་འདེད་བྱས་ཏེ་མི་རིགས་རང་གི་རིག་གནས་ཀྱི་མི་རིགས་རང་ལ་ཞབས་ཞུ་བྱེད་ཅི་ཐུབ་ཀྱི་བསམ་བློས་ཀུན་ནས་བསླངས་ཏེ་འདི་ཉིད་འཛུགས་པ་ཡིན་ལ། འདི་ལའང་རྩ་བའི་དབྱེ་བ་གསུམ་དང་དེ་དག་ལའང་ནང་ཚན་རིགས་མི་འདྲ་བ་མང་པོ་བྱས་ཐོག ཁྱོན་ཐོན་རྫས་ཀྱི་རྣམ་གྲངས་རིགས་མི་འདྲ་བ་བཅོ་ལྔ་ཙམ་བྱུང་ཐུབ་པ་བྱས་ཡོད་ལ། ཐོན་རྫས་དེ་ཡིས་སྒྲུབ་པའི་མ་དངུལ་དག་ནི་ད་གཟོད་གསེར་དངུལ་བྲིས་ཀྱི་རིག་གནས་ཉམས་གསོ་ཡི་མ་རྐང་བྱས་པ་ཡིན་ཅེས་ཟེར། ད་དུང་ཁོང་གིས་རང་གི་གྲོགས་པོ་དག་ལ་བཤད་དོན། གལ་ཏེ་ངའི་མི་ཚེ་འདི་མར་མེ་རྐང་ཅིག་ཡིན་ན། ཀོང་བུ་ནི་གསེར་བྲིས་ཁང་འདི་ཡིན་པས། ཇི་སྲིད་ངའི་མི་ཚེའི་སྣུམ་དེ་མ་ཟད་བར་གྱི་དེ་སྲིད་དུ་ཀོང་བུའམ་གསེར་བྲིས་ཁང་འདིའི་ནང་ནས་འོད་སྣང་གི་ངང་དུ་འགྲེང་ངེས་ཡིན་ལ། འདིས་ཀྱང་མི་རིགས་རང་གི་འབུར་དུ་ཐོན་པའི་གསེར་བྲིས་རིག་གནས་ལ་འོད་ལམ་ལམ་གྱི་གཟི་མདངས་རེ་སྒྲོན་ཨེ་ཐུབ་ཀྱི་འདུན་པ་ཡོད་ཅེས་དང་། ས་བོན་མེ་ཡིས་ཚིག་པ་ལས།། སྨྱུ་གུ་སྔོན་པོ་ཇི་བཞིན་ནོ།། ཞེས་པ་ལྟར། བྱམས་པ་རྡོ་རྗེའི་ད་ལྟའི་གྲུབ་འབྲས་ཡོད་ཚད་དཀའ་ཁག་ཅི་ཡང་མ་བརྒྱུད་པར་རང་བཞིན་གྱིས་བྱུང་བ་ཞིག་མ་ཡིན་པར། དཀའ་སྤྱད་སྡུག་རུས་དང་འབད་པ་ལྷུར་ལེན་བྱས་པ་ལས་བྱུང་བ་ཡིན་པས། དཀའ་སྡུག་གི་འགག་འཕྲང་རེ་རེ་ནི་ཁོས་མདུན་བསྐྱོད་ཀྱི་ས་མཚམས་རེ་རེ་ཡིན། ནམ་རྒྱུན་མི་མང་པོ་ཞིག་གི་སེམས་སུ་ཡིག་གཟུགས་ཤིག་སྦྱངས་ནས་ཅི་ཞིག་འཇོན་ནམ་སྙམ་པའི་དོགས་པ་ཧ་ཅང་ཆེ་བས་མཐོང་ཆུང་དང་ཟུར་ཟ་མང་པོ་བྱས་མྱོང་ལ་ད་དུང་ཡང་བྱེད་མི་རེ་ཟུང་འདུག ཡིན་ནའང་ཁོས་དེ་དག་ལ་གདོང་ལེན་ཡག་པོ་བྱེད་ཐུབ་ཀྱི་ཡོད། རྒྱུ་མཚན་བྱམས་པ་རྡོ་རྗེས་བཤད་རྒྱུར།ང་ཚོར་ཡིག་གཟུགས་ཀྱི་ཁོར་ཡུག་ཞན་པའི་སྟབས་ཀྱིས་ཡིག་གཟུགས་ལ་གོ་བ་ཡག་པོ་ཞིག་ལོན་གྱི་མི་འདུག་སྙམ་པས་ཡིན། ད་ལྟ་ཡི་གེ་འབྲི་མི་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ཡོད་ནའང་བརྒྱ་ཆའི་མང་ཤོས་ཀྱིས་དགའ་ཕྱོགས་ཙམ་གཙོ་བོར་བཟུང་ནས་ཡིག་གཟུགས་འབྲི་བཞིན་ཡོད་པ་ལས་ཆེད་ལས་ཡིག་འབྲི་བ་དང་ལས་ཀ་དང་པོ་ཡི་གེ་འབྲི་རྒྱུ་ཡིན་མཁན་ཉུང་། དེ་ནི་དོན་དངོས་ཀྱི་བྲིས་པ་མང་པོ་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་དེ་ལོས་ཡིན་སྙམ། གང་ལྟར་ཡིག་གཟུགས་ཟེར་བ་དེ་ལ་ང་ཚོས་གཏིང་ཟབ་ས་ནས་གོ་བ་བླངས་ན་མི་ཚེ་གཅིག་ལ་སྦྱངས་ཀྱང་མཐར་ཕྱིན་དཀའ་བའི་སྦྱང་བྱ་ཆེན་པོ་ཞིག་རེད། དེ་བས་འདམ་གསེས་ཡོད་པ་དང་ཁ་ཕྱོགས་ཡོད་པའི་ངང་ནས་ཡིག་སྣ་གཅིག་དང་གཉིས་ཙམ་ལ་དཔྱིས་ཕྱིན་པ་ཞིག་བསླབ་པ་གལ་ཆེན་དུ་མཐོང་། དེ་ལྟར་མིན་པར་ཡར་མར་གང་ཡིན་ལ་ལད་མོ་བྱས་ན་མཐའ་མར་འདི་འབྲི་ཤེས་སོང་སྙམ་པ་གཅིག་ཀྱང་བྱུང་དཀའ། དེ་ཞོར་དུ་སེམས་གཏམ་ཙམ་ཞུས་པ་ལགས། གཉིས་ནས་ལོ་ངོ་མང་པོའི་རིང་ཡོང་སྒོ་སྐར་གང་མེད་པར་ཡིག་གཟུགས་ཀྱི་དོན་དུ་ཡར་མར་ལ་འཁྱམ་པ་ཡིན་མོད་ཁྱིམ་མིས་རྒྱབ་སྐྱོར་བཟང་བས་འཚོ་བའི་དཀའ་ཁག་ཆེན་པོ་བྱུང་མྱོང་མེད་ནའང་ཆུང་ནས་དར་མའི་བར། དར་ནས་དར་ལ་བབ་པའི་དུས་སུ་ཡང་ཁྱིམ་མིར་ཁེན་དགོས་པ་སོགས་སེམས་ཀྱི་དཀའ་ངལ་ཡང་མང་པོ་བྱུང་མྱོང་། དེ་བཞིན་བདེ་སྐྱིད་ཡང་མང་པོ་སྟེར་ཐུབ་ཀྱི་ཡོད། ཡི་གེ་ཡག་པོ་རེ་ལག་ནས་ཐོན་དུས་སེམས་ཀྱི་མི་བདེ་བ་ཐམས་ཅད་སེལ་ཐུབ་པར་མ་ཟད་དགོང་མོ་རྨི་ལམ་ཡང་སྐྱིད་པོ་རེ་རྨིས་ཐུབ་ཀི། དེས་སང་ཉིན་གྱི་ལས་ཀ་ལའང་ཤུགས་རྐྱེན་སྟེར་ཐུབ་ཀྱི་འདུག ཡང་ན་ཡིག་གཟུགས་འདི་ལ་བརྟེན་ནས་གྲོགས་པོ་མང་བོ་ཞིག་ངོ་ཤེས་སུ་གྱུར་ཡོད། དེ་བཞིན་མཐོ་དམན་གྱི་མི་མང་པོས་ཡིད་ཆེས་ཐོབ་ཅིང་རེ་བས་ལྟ་བཞིན་འདུགདེ་དག་ནི་ཆེས་རྙེད་དཀའ་བའི་བདེ་སྐྱིད་ཅིག་ཏུ་ངོས་འཛིན་བྱས་ཡོད་ཟེར།
བྱམས་པ་རྡོ་རྗེས་འབྲི་བཞིན་པ་ནི་གཟུགས་རིས་རྐྱང་བ་ཞིག་མིན་པར་དེ་ནི་བོད་མི་རིགས་ཀྱི་རིག་གནས་ཐམས་ཅད་ཀྱི་སྲོག་རྩར་ཐུག་པའི་རྨ་ཤེས་ཤིག་ཡིན་པར་འདོད་པས། རང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བར་ཡིག་གཟུགས་ཀྱི་རྒྱུན་གཙང་མ་འཛིན་པ་དང་དར་སྤེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།།
རྩོམ་གསར། 10