བོད་ཀྱི་ཡིག་གཟུགས་པ་ཆེན་མོ་སྤེན་ནོར།

        2015-04-10

བོད་ཀྱི་ཡིག་གཟུགས་པ་ཆེན་མོ་སྤེན་ནོར།

རྒན་སྤེན་ནོར་ལགས་ནི༡༩༦༩ ལོར་མྱང་སྟོད་རྒྱལ་རྩེར་སྐྱེས།  ༡༩༧༧ལོར་སློབ་ཆུང་འགྲིམས་འགོ་བརྩམས།  དགེ་བའི་བཤེས་གཉེན༧མཚོ་ཁ་བ་ནོར་རྒྱས་མཆོག་བསྟེན་པའི་བསྐལ་བ་ཐོབ་སྟེ་བོད་ཡིག་འབྲི་ཀློག་ཚད་ལྡན་བསླབས།  སློབ་ཆུང་ནང་ཀ་ཁ་དང་།  ཟློས་ཧྲལ། ཚུགས་རིང་ཡིག་གཟུགས་འགྲན་སྡུར་ནང་ཨང་དང་པོ་འབའ་ཞིག་ཐོབ་པས་གང་དེས་ཤིན་ཏུ་གཅེས།  དབུ་ཅན་ནག་བྲིས་དག་ཁོམ་གསེང་དུ་ཁོང་གི་གཟིམ་ཁང་དུ་ཟུར་ལ་འཁྲིད།  ལྗོན་དབང་དང་དཀའ་གསལ་སོགས་བློ་རྒྱུགས་ཕུལ།  ༡༩༨༢ལོར་རྒྱལ་རྩེ་སློབ་འབྲིང་དུ་དམའ་འབྲིང་སློབ་པ་དོན་དུ་གཉེར།  དེར་དགེ་བའི་བཤེས་གཉེན་ཆེན་མོ༧འཕྲིན་ལས་དཔལ་འབྱོར་དང་རྡོ་རྗེ་གཡུལ་རྒྱལ་སོགས་བསྟེན་ཅིང་། བོད་ཡིག་གི་སུམ་རྟགས་དག་གསུམ་སྙན་ངག་ལེའུ་བར་པ་སོགས་ཀྱི་བློ་འཛིན་རི་མོ་དཔེར་བརྗོད་སོགས་ཕུལ།  ཁྱད་པར་ཡིག་གཟུགས་ཐད།  བྲིས་ཆེན༧འཕྲིན་ལས་དཔལ་འབྱོར་ལགས་ཀྱི་དྲུང་ནས་གཞུང་རིས་ཀྱི་ཚུགས་རིང་ཐུང་། ཚུགས་ཆུང་། འབྲུ་ཚ། ཚུགས་མ་འཁྱུག  འཁྱུག་ཡིག་བཅས་བུམ་པ་གང་བྱོའི་ཚུལ་དུ་བཀའ་དྲིན་གྱིས་བསྐྱངས།  བོད་རྒྱ་ཡིག་གཟུགས་འགྲན་སྡུར་ཐེངས་མང་ནང་ཨང་དང་པོ་ཐོབ། སློབ་སྦྱོང་བྲེལ་བ་ཇི་ཙམ་ཆེ་ཡང་བྲིས་དེ་མ་ལད་པ་གྱིས་ཨང་། ཞེས་རྟག་ཏུ་གསུང་། ༡༩༨༥ལོར་རྒྱལ་རྩེ་སློབ་འབྲིང་དུ་མཐོ་འབྲིང་བསླབ། སུམ་རྟགས་རྩ་བ། མངོན་བརྗོད་དང་བརྡ་རྙིང་སོགས་བློ་རྒྱུགས་ཕུལ།  ༡༩༨༧ལོར་བོད་ལྗོངས་སློབ་ཆེའི་བོད་རིག་པ་ཚན་ཁག་ཏུ་སློབ་གཉེར་བྱས།  དེའི་རིང་ཡོངས་ཀྱི་དགེ་བའི་བཤེས་གཉེན༧བློ་བཟང་ཕྱོགས་གླང་ངམ་ཡོངས་གྲགས་སུ༧ཚེ་དབང་ཞེས་ཞུ་བ་མཆོག་དང་། བཤེས་གཉེན་དམ་པ༧དགེ་འདུན་དོན་ལྡན།  དབུ་འཛིན་རྒན་བསོད་ནམས་ཕུན་ཚོགས། དགེ་བའི་བཤེས་གཉེན་གསང་བདག་རྡོ་རྗེ་དང་། བསྟན་པ་མང་ཐོས། རྒན་མཁས་བཙུན། རྒན་ཉི་མ། རྒན་ཚེ་བརྟན་བཀྲ་ཤིས་ལ་སོགས་པ་བསམ་སྦྱོར་གཉིས་མེད་ཀྱིས་བསྟེན་ནས། ཐུན་མོང་རིག་གནས་ཕལ་མོ་ཆེར་ཐོས་ལོ་ཙམ་མིན་པར་སྒྲོ་འདོགས་བཅད། སུམ་རྟགས་ཀྱི་སྡོམ་དང་། སྙན་ངག་ལེའུ་བར་པ། དབྱངས་ཅན་སྒྲ་མདོ། བསྡུས་གྲྭ་དང་། བློ་རྟགས། བཤེས་སྤྲིངས་སོགས་བློ་རྒྱུགས་ཕུལ། ཁྱད་པར་དགེ་བའི་བཤེས་གཉེན་གསང་བདག་རྡོ་རྗེ་ལས་བྲིས་ཀྱི་ངག་རྒྱུན་མན་ངག་སོགས་མང་དུ་ཐོབ། བོད་རྒྱ་བྲིས་ཀྱི་འགྲན་སྡུར་ཐེངས་གཉིས་བྱས་པར་གཟུགས་གཉིས་ཀར་དམིགས་བཀར་བྱ་དགའ་ཆེན་པོ་ཐོབ། སློབ་ཆེན་མཐར་ཕྱིན་ནས་བོད་ཀྱི་གསོ་རིག་སློབ་གླིང་དུ་དགེ་རྒན་བྱས། ལས་ཞོར་དུ་མཁན་རིན་པོ་ཆེ༧ཁྲོ་རུ་ཚེ་རྣམ་དང་། མཁན་ཆེན༧ཚུལ་ཁྲིམས་རྒྱལ་མཚན། མཁས་དབང་ཀུན་དགའ་རིག་འཛིན་སོགས་བསྟེན་ཅིང་ལེགས་བཤད་ཀྱི་བདུད་རྩི་ཐོབ། གསོ་རིག་དང་ནག་རྩིས་ལའང་བག་ཆགས་མི་དམན་པ་ཐོབ། གཟབ་བཤར་གྱི་བྲིས་སྣ་ཚོགས་ལ་འགྲན་ཚོགས་མང་པོར་ཨང་དང་པོ་དང་གཉིས་པ་ཐོབ་ཅིང་བརྩམས་ཆོས་ཁག་གཅིག་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྟོན་དང་སྦྲགས་གཟེངས་རྟགས་ཐོབ། རི་མོའི་བརྩམས་ཆོས་རི་ཀླུང་དེ་འདྲའི་མཛེས་པ་ཞེས་པར་རྒྱལ་ཡོངས་ཀྱི་བྱ་དགའི་ཨང་གཉིས་པ་ཐོབ། དུས་མཚུངས་ཀྲུང་གོའི་ཡིག་མཁན་འཐུས་ཚོགས་ཀྱི་ཚོགས་མི་དང་། བོད་ལུགས་གསོ་རིག་སློབ་ཆེའི་བོད་རིག་པའི་དགེ་རྒན་ཆེན་མོ་གཞོན་པ། སྐབས་དང་པོའི་བོད་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལྷན་རྒྱས་ཁང་གི་ཨུ་ཡོན། བོད་ལྗོངས་ཡིག་མཁན་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་གཞོནུ་ཡིག་མཁན་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་འཁུར། གཞུང་འཆད་ཚུལ་གྱི་རྣམ་གཞག་ཅེས་སོགས་བོད་རིག་པའི་དཔྱད་རྩོམ་སུམ་ཅུ་ལྷག་ཙམ་དང་། རྒྱན་གྱི་བསྟན་བཅོས་ཨཱདརྴའི་སརྒ་གཉིས་པའི་དགོངས་པ་གསལ་བྱེད་ཀྱི་དཔེར་བརྗོད་མཐོང་བ་འཛུམ་ཤོར། ཞེས་པ་བརྩམས་ནས་པར་དུ་བསྐྲུན་པ་ལགས་སོ།  ། 

བོད་ཀྱི་ཡིག་གཟུགས་པ་ཆེན་མོ་སྤེན་ནོར།བོད་ཀྱི་ཡིག་གཟུགས་པ་ཆེན་མོ་སྤེན་ནོར།བོད་ཀྱི་ཡིག་གཟུགས་པ་ཆེན་མོ་སྤེན་ནོར།བོད་ཀྱི་ཡིག་གཟུགས་པ་ཆེན་མོ་སྤེན་ནོར།


 

  • ལེ་ཚན་སྔོན་མ།:དཔལ་བསྡུས། བོད་རིག་པའི་གཤིན་ས་ཁྲོད་ཀྱི་སྨྱུག་གསར།
  • ལེ་ཚན་རྗེས་མ།:བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།