འཁོར་བ་ནི་སྒྲུང་ཞིག་ཡིན།

ཟམ་ཚའི་ཀླུ་འབུམ་ཚེ་རིང་།        2022-07-01

ཞོགས་པའི་ཉི་ཟེར་དལ་གྱིས་འཕྲོ་དུས་རེ་བ་དང་ཡིད་ཆེས་སྦྲུམ་པའི་ནོར་འཛིན་སྒེག་མོ་ནི་བྱམས་དང་བརྩེ་བས་བཞེངས་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཞིག། ཡིད་འོང་གི་མཛེས་སྡུག་དང་ལྷག་བསམ་གྱི་ཞབས་རྗེས། ད་དུང་གངས་རི་དང་ཁ་བ། སྦྲ་ནག་དང་ལུག་ཁྱུ། མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།

ལོ་ཟླའི་ཧྲག་བར་ནས་བྲེལ་འཚུབ་དང་སྐྱིད་སྡུག་གིས་བཏེགས་པའི་འཇིག་རྟེན་གྱི་ཉིན་སྲིབ། ཐོབ་ཤོར་ལ་འཁང་ར་དང་ལེ་བདའ་བྱེད་བཞིན་མདུན་ནས་མདུན་དུ་བསྐྱོད་པའི་ལམ་གྱི་ལེའུ།

ནང་སེམས་ཀྱི་བློ་ངོར་ཤོང་དཀའ་བའི་ཁྱེད་ཀྱི་འཛུམ་མདངས་དང་མིག་ཆུ། མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།

འཚོ་བ་ནི་དགའ་སྐྱོ་ཟུང་དུ་འབྲེལ་བའི་འཁྲབ་གཞུང་རིང་མོ་ཞིག།

སྐྱེ་རྒ་ན་འཆི་ཡིས་དེད་པའི་ལོ་ཟླའི་ཉིན་ཞག་གི་འགག་སྒོ་ན།

ཆར་རྗེས་ཀྱི་འཇའ་ཚོན་མིག་ལ་མཛེས་ཤིང་སྙིང་དུ་སྡུག།

འོན་ཀྱང་། གཉོམ་དུང་དུང་གི་སེམས་པ་རུམ་པའི་ཚེ་སྲོག་ནི་ཅི་འདྲིའི་ཉམས་ཐག་ཅིག།

མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།

འཚོ་བ་དང་རྨི་ལམ་གྱི་ཁ་ཐག་ཧ་ཅང་རིང་དྲགས་པས། བཞུད་ཟིན་པའི་ལོ་ཟླ་རིང་མོ་ནི་སྙིང་ཉེ་སུ་ཞིག་ལ་གྱེས་ཕྱག་བཞག་པ་དང་ཀུན་ནས་མཚུངས། ཆོས་ཉིད་ཅིག་གིས་དེད་པའི་མི་ཚེ་ཡི་སྐྱིད་སྡུག་ནི་སྙིང་རེ་རྗེ། མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།

བརྩེ་བ་དང་ལྷག་བསམ་གྱིས་ཕྱུག་པའི་ཕ་མའི་བཀའ་དྲིན་བསམས་ན། སྟོང་གསུམ་གསེར་གྱིས་བཀང་ཡང་དྲིན་ལན་མཇལ་ཐབས་མེད། རྒས་གཉེར་གྱི་རི་མོས་ངོ་གདོང་གཡོགས་ཤིང་ཁ་བ་བཞིན་དཀར་བའི་དབུ་སྐྲ་མཐོང་ཚེ། མི་ཚེ་ལ་མོ་བརྒལ་བའི་མིག་ཆུའི་ཐིགས་པ་སེམས་ལ་ལྷུང་། མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།

སྙིང་སྡུག་ལས་དབང་གི་འཚོ་བའི་ཁ་མདོག་གཞན་ཞིག

སྐྱེ་བ་སྔོན་མའི་བག་ཆགས་དང་སྨོན་ལམ་ཁྲོད་དུ་ངས་ཁྱེད་རང་ངོ་ཤེས་ཤིང་། སྐྱིད་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབས་བྱས། རྒྱུ་མཚན། འུ་གཉིས་ཐུན་མོང་ལ་དབང་བའི་ཐ་སྙད་ནི་སྐྱ་ཡ་ཞེས་པའི་ཡིག་འབྲུ་འདི་གཉིས་ཡིན། མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།

ཕ་ཡུལ་ནི་བདག་གི་ཆེས་ཐོག་མའི་ངུ་སྐད་འབྱིན་ས་ཡིན་ལ། ཆུང་དུས་ཕ་ཡུལ་ནི་ཨ་མྱེས་ཀྱི་གནའ་གཏམ་ནང་གི་གླིང་རྗེ་གེ་སར་རྒྱལ་པོའི་ཕ་ས་དང་དབྱེར་མ་མཆིས། དེ་དུས་ཕ་ཡུལ་གྱི་མི་རྣམས་ལ་བརྩོན་འགྲུས་ལྡན། ནར་སོན་རྗེས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ནི་མེས་པོ་བཀའ་དྲིན་ཅན་དག་གིས་བུ་རབས་ཚ་རྒྱུད་ལ་བཞག་པའི་འཚོ་བརྟེན་ཡིན་པ་ཧ་གོ་དུས། ཕ་ས་ཕ་ཡུལ་ནི་བདག་གི་དྲན་པའི་ཁུད་དུ་ལུས་པའི་སྐྱོ་གཞས་ཤིག། མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།

རང་གི་བུ་ལ་སྲོག་ལྟར་གཅེས་པ་ནི་ཕ་མ་བཀའ་དྲིན་ཅན་དག་གི་སྤྱོད་བཟང་ཡིན་མོད། དོན་དངོས་སུ་བུ་ཆུང་ནི་རང་གི་མེ་ལོང་ཡིན། ཕ་མ་དང་གཅེས་ཕྲུག་ནི་འུ་ཅག་གི་ཡོད་ཚད་ཡིན་པས་ཕ་མ་ལ་བྱམས་ཞིང་བུ་ཆུང་ལ་གཅེས་དགོས།

ཚེ་སྲོག་ལས་དཀོན་པོ་མེད་ཅིང་། ཚེ་སྲོག་ལས་རྩ་ཆེན་མེད། ཕ་སེམས་བུ་དང་བུ་སེམས་རྡོ། མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།

ཕྱིར་འདང་ཞིག་བརྒྱབ་ན་ཡིད་འོང་གི་ལོ་ཟླ་ནི་འཇིག་རྟེན་གྱི་ཆོས་ཉིད་ཀྱིས་དེད་པའི་སྤྲིན་པ་ལང་ལོང་གི་འདུ་འགོད་དང་འདྲ་ཞིང་། དྲན་གདུང་གི་སྨུག་པས་བདག་སེམས་ཀྱི་རྫ་རི་གཡོགས་དུས། སེམས་སྡུག་གིས་མནར་བའི་རྫ་མཐའི་ཡུ་མོ།ཁེར་རྐྱང་དང་སྐྱོ་གདུང་གིས་རི་ལུང་བརྒལ་དུས། ངའི་དཔྲལ་བའི་མིག་གོང་གི་མཆི་མ་ནི་ཞོགས་པའི་ཟིལ་ཐིགས་ལས་མོད། མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།

༡༠

གྲང་ངར་དང་བུ་ཡུག་ཀློང་གི་ནམ་ཟླའི་དགུན་ཁ་ནི་ཇི་འདྲའི་འཁྱགས་རུང་། བདག་གི་ནང་སེམས་གཉོམ་པོའི་ཡ་ཁོག་གི་ཐ་སྙད་འདི་དག།བྲང་གཞུང་ལ་གླན་ནས་འཁྱགས་མ་མྱོང་ལ། མགྲིན་པའི་ཕུགས་ཀྱི་ཕ་སྐད་མ་ཡིག་གི་བྱིན་རླབས་ཀྱིས་ངའི་ཚེ་རབས་ལས་ཀྱི་ཁ་ཡིག་ལ་འོད་ཀྱི་ལམ་ཆེན་ཡངས་པོར་ཕྱེ་ཞིང་། པོ་ཏ་ལར་རྒྱང་ནས་མཇལ་དུས་བདག་གི་ངོ་གདོང་ནས་རང་དབང་མེད་པར་རྔུལ་ཆུ་ཤག་ཤག་བརྡོལ། མ་གཞི་འཁོར་བ་ནི་འབྲི་མི་ཚར་བའི་སྒྲུང་ཞིག་ཡིན།



  • ལེ་ཚན་སྔོན་མ།:ཁྱེད་རང་གང་དུ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།