ང་ཡི་ནར་སོན་གྱི་ལོ་ཟླ།

གངས་ཐིགས།        2022-06-24

ལོ་ཟླ་ནི་ཆུ་བོའི་འགྲོས་དང་མཉམ་དུ་འདི་ལྟར་རྒྱང་ནས་རྒྱང་དུ་བཞུར། ན་ཚོད་ནི་མིག་རྡེབ་དབང་ཙམ་གྱིས་འདི་ལྟར་ཕོ་ལོ་ཉེར་ལྔར་སོན། ལོ་ཟླའི་བརྒྱུད་རིམ་ལ་མངར་སྐྱུར་གྱི་གཏམ་རྒྱུད་ཀྱིས་མཚོན་ཞིང་། འཚོ་བའི་དཀའ་སྡུག་ལ་རེ་བའི་མིག་མདངས་ཡལ་བའི་ངའི་ནར་སོན་གྱི་ལོ་ཟླ་དང་བྱིས་དུས་ཀྱི་གཏམ་རྒྱུད་ཐོར་བུ།

གསལ་ལ་མི་གསལ་བའི་གཏམ་རྒྱུད་ཅིག་གི་སྒོ་མོ་ཕྱིར་འདང་གིས་ཕྱེས་ཙ་ན། ང་རང་ཆུང་དུས་སུ་ལོ་ན་བདུན་བརྒྱད་ལ་སླེབས་དུས་ད་གཟོད་གསལ་བྱེད་སུམ་ཅུའི་སྦྱོར་ཀློག་ལ་གོམ་པ་དང་པོ་སྤོས་པ་ཡིན། ངའི་ཨ་ཕ་ནི་ངའི་ལམ་སྟོན་གྱི་དགེ་རྒན་ཐོག་མ་ཡིན་ལ་ངའི་མིག་མདུན་གྱི་སྒྲོན་མེ་འོད་ཆེན་དེའང་ཡིན། དེ་དུས་ཨ་ཕས་ང་ལ་གསལ་བྱེད་སུམ་ཅུའི་སྦྱོར་ཀློག་དང་གྲངས་རིག་གི་སྤྱི་འགྲོས་སོགས་ཁྲིད་ནས་ངའི་བློ་ངོར་གསེར་གྱིས་ས་བོན་བཏབ། ངའི་ཨ་ཕར་དཔེ་ཀློག་ལ་ཧ་ཅང་དགའ་ལ་ཡི་གེའི་དག་ཆ་དང་ཡིག་གཟུགས་སོགས་ཀྱི་ཆ་ནས་ཀྱང་ཧ་ལས་པའི་ཡག་པོ་ཞིག་འདུག། དབུ་ཅན་དང་དབུ་མེད་གང་གི་ཆ་ནས་ཀློག་དགོས་ན་འབྲི་དགོས་ན་དཀའ་སྡུག་ཅུང་ཙམ་ཡང་མི་འདུག། ངའི་ཨ་ཕ་གླིང་སྒྲུང་སྐོར་གྱི་དཔེ་ཆ་ཀློག་རྒྱུར་ཧ་ལས་པའི་དགའ་ལ་དེའི་སྐོར་འཆད་རྒྱུར་དེ་ལས་ཀྱང་མོས། ད་རུང་ངའི་ཨ་ཕའི་རིགས་རུས་མཆེད་ཁུངས་སྐོར་གྱི་ལོ་རྒྱུས་བཤད་ན་ཧ་ཅང་ཞིབ་ཚགས་ཡིན་ལ། དེའི་སྐོར་ནས་འཆད་རྒྱུར་ཐོགས་སྡུག་ཅི་ཡང་མེད། ངའི་ཨ་ཕ་དང་ལོ་ན་ཆེ་གྲས་དག་གི་གྲས་ན་ཡང་དེ་འདྲ་འཆད་མི་ཤེས་པ་མང་པོ་ཞིག་འདུག ངའི་ཨ་ཕ་ནི་གཞན་དང་བསྡུར་ན་ཁྱད་འཕགས་ཀྱི་ཡོན་ཏན་མང་པོ་ཞིག་འཛོམས་ལ་གཞན་དང་བསྡུར་ན་སྐྱེ་སྟོབས་ཀྱི་ཤེས་རབ་ཀྱང་ཧ་ལས་པ་ཡག་པོ་ཞིག་ཡོད།

ང་རང་ལོ་ན་བཅུ་ལ་སོན་དུས་ད་གཟོད་གསར་དུ་སློབ་ཆུང་གི་སྒོ་ཐེམ་བརྒལ་བ་ཡིན་ལ། ང་ཚོའི་སློབ་གྲྭ་ནི་ང་ཚོའི་སྡེ་པའི་གྲོང་ཚོ་ནང་དུ་ཆགས་ཡོད་ལ་ངེད་ཚང་དང་བསྡུར་ན་ཁ་ཐག་ཅུང་ཡོད། ངེད་ཚང་ནི་ཕྱུགས་ལས་གཉེར་གྱིན་པའི་གྲས་ཡིན་པས་ཁྱིམ་ཚང་རི་ཁ་ན་ཆགས་ཡོད་རྐྱེན་སྡེ་པའི་སློབ་གྲྭ་དང་ཁ་ཐག་ཅུང་རིང་ཞིང་། ནམ་རྒྱུན་སློབ་གྲྭར་འགྲོ་དུས་སྔ་མོར་མལ་ལས་ལངས་ནས་ལམ་སངས་མ་བུད་ན། ལན་རེར་སློབ་ཁྲིད་ཀྱི་རྗེས་མི་ཆོད་པའི་གནས་ཚུལ་ཡང་འབྱུང་གིན་འདུག། འདི་ལྟར་མངར་ལ་སྐྱུར་བའི་བྱིས་དུས་ཀྱི་མི་ལོ་དྲུག་སྐད་ཅིག་གིས་འདས་ལ། དེ་དུས་ངའི་ཕུགས་བསམ་ཞེས་པའི་རྒྱང་རིང་ཞིག་དང་རང་རྟོགས་ཞེས་པའི་འདུ་ཤེས་ཤིག་ལ་བསམ་བློ་ཡེ་ནས་བཏང་མ་མྱོང་བ་འདྲ། ནམ་རྒྱུན་རྩེད་དགོད་ལ་གཡེང་ནས་མི་ལོ་དྲུག་གི་འཚོ་བ་དེ་ལྟར་རྫོགས།

སློབ་ཆུང་གི་མི་ལོ་དྲུག་འདི་ལྟར་ཤེས་མེད་ཚོར་མེད་ཀྱིས་བསྐྱལ་ཅིང་། ད་ནི་སློབ་འབྲིང་གི་འཚོ་བ་གསར་པ་ཞིག་ལ་སྟ་གོན་བྱས་དུས། ངའི་རང་ཉིད་ངོ་མ་ཞིག་གི་ངོས་ཟིན་རྙེད་ལ་ཕུགས་བསམ་ཞེས་པའི་རྒྱང་རིང་ཞིག་དང་རང་རྟོགས་ཞེས་པའི་འདུ་ཤེས་ཤིག་ལ་མནོ་བསམ་བཏང་བ་ཡིན། དེ་ནས་བཟུང་ངའི་ཕུགས་བསམ་རྙེད་བྱུང་ལ་འདུ་ཤེས་ཚོར་བྱུང་། རང་ཉིད་ངོ་མ་ཞིག་ཨེ་འཁྱོངས་ལ་འབད་བརྩོན་དང་བསམ་གཞིགས་བཏང་བ་ཡིན། ང་རང་སློབ་འབྲིང་དུ་ཐོན་དུས་ང་ཚོའི་འཛིན་བདག་དགེ་རྒན་ནི་བུད་མེད་ཅིག་ཡིན་ལ། དང་ཐོག་འཛིན་གྲྭའི་ནང་དུ་འཚོགས་འདུ་ཚོགས་དུས་ཁོ་མོའི་ཚང་མའི་སློབ་སྦྱོང་བྱ་དགོས་ཚུལ་དང་མི་གཞི་ཡག་པོ་ཞིག་རྒྱུད་ལ་འཁྲུངས་རྒྱུ་སོགས་ཀྱི་གསུང་བཤད་གྱ་ནོམ་པ་ཞིག་བྱས་པར་ད་རུང་ཡིད་ལ་བརྗེད་ཐབས་མི་འདུག།

དགེ་རྒན་ཁོང་གིས་ང་ཚོར་སློབ་སྦྱོང་བྱེད་ཐབས་ཀྱི་ཁ་བརྡ་དང་སློབ་སྦྱོང་བྱེད་སྟངས་ཀྱི་སྒྲིག་ལམ་སོགས་བཞག་ནས་ང་ཚོར་མདུན་ལམ་བསྩལ། དགེ་རྒན་ཁོང་གིས་ང་ཚོའི་མདུན་ལམ་དང་མ་འོངས་པར་བསམ་གཞིགས་གཏོང་གིན་ཡོད་ལ། དགེ་རྒན་ཁོང་ནི་དགེ་རྒན་གཞན་པ་དང་མི་འདྲ་བར་རང་གི་ཟླ་ཕོག་རག་ཐབས་ཙམ་དང་བྱ་བ་སྒྲུབ་ཐབས་ཙམ་མ་ཡིན་པར། ཁ་ཞེ་གཉིས་མེད་ཀྱི་ང་ཚོར་ཤ་ཚ་ཞིང་སྙིང་ཉེ། ང་ཚོའི་དྭངས་གཙང་གི་མདུན་ལམ་ལ་འོད་སྣང་རེ་བསྩལ་ཅི་ཐུབ་བྱས། ང་ལ་མཚོན་ན་དགེ་རྒན་ཁོང་ནི་ངའི་མི་ཚེ་འདིའི་ཆེས་བཀའ་དྲིན་ཆེ་གྲས་ནང་གི་གཅིག་ཡིན་ལ་ང་ལ་མདུན་ལམ་གནང་མཁན་གྱི་གསེར་གྱི་འོད་སྣང་ཞིག་ཀྱང་ཡིན།

ལས་དབང་ཟེར་བའི་ཐ་སྙད་རྫོབ་པོ་ཞིག་གིས་ང་རང་དམའ་འབྲིང་ལོ་གསུམ་དུ་བུད་མ་ཐག་སློབ་གྲྭ་འདི་དང་གྱེས་ཕྱག་ཞུ་དགོས་བྱུང་། ང་རང་སློབ་གྲྭ་ནས་བུད་མ་ཐག་དགེ་རྒན་གྱིས་ཡང་དང་བསྐྱར་དུ་ཁ་པར་བཏང་ནས་ཕྱིར་སློབ་གྲྭ་ཤོག་ཟེར། མདུན་ལམ་དེ་ལྟར་བརླག་མི་ཉན་བྱས་པའི་སྐུལ་མ་ཡང་དང་བསྐྱར་དུ་བྱས་ཀྱང་། སློབ་གྲྭར་འགྲོ་བའི་སྐལ་བ་དེ་ནས་ཆད། དགེ་རྒན་ཁོང་གིས་རང་ཉིད་ཀྱི་སློབ་མ་གཅིག་གིས་ཀྱང་མདུན་ལམ་དེ་ལྟར་བརླག་མ་འདོད་པར་དེའི་ཕྱོགས་ལ་སེམས་ཁུར་དང་རེ་བ་གནང་གིན་མཆིས། དེང་སྐབས་འདི་དང་འདི་ལྟ་བུའི་དགེ་རྒན་དཀོན་ཁག་པོ་འདྲ་ཆགས་འདུག་བསམ། ངའི་མི་ཚེ་འདིར་དགེ་རྒན་ཁོང་ལྟ་བུ་ཞིག་ལ་འཕྲད་པ་ནི་ང་རང་གི་བསོད་ནམས་དང་གཟི་བརྗིད་དུ་བསམ་ཡོད། ངའི་དམའ་འབྲིང་གི་འཚོ་བ་དེ་ལྟར་རྫོགས་ཚིག་བཀོད་དགོས་བྱུང་།

ང་རང་དམའ་འབྲིང་ནས་ཕྱིར་བུད་མ་ཐག་ད་ནི་དངོས་གནས་རང་ཉིད་སློབ་གྲྭར་འགྲོ་བའི་སྐལ་བ་ཆད་སོང་ན་བསམས་མྱོང་། ཕ་ཡུལ་ནས་ནོར་ལུག་གི་རྨུག་རྗེས་བསྙེགས་ནས་རང་གི་འདུན་མ་དང་ཕུགས་འདུན་གངས་རི་དང་རྩྭ་ཐང་ལ་བཅོལ་ནས་མི་ཚེ་སྐྱེལ་དགོས་ན་འདོད་མྱོང་། འདི་ལྟར་ནོར་ལུག་གི་རྨུག་རྗེས་བསྙེགས་ནས་མི་ལོ་གཉིས་ཀྱི་འཚོ་བ་ཕ་ཡུལ་ནས་བསྐྱལ་ཅིང་། དེའི་བར་གླགས་ཤིག་ནས་ངའི་སློབ་གྲོགས་ཤིག་གིས་མགོ་ལོག་ན་སྒེར་ཚུགས་སློབ་གྲྭ་ལེགས་པོ་ཞིག་འདུག། སློབ་གྲྭ་དེར་རྒྱུགས་འཕྲོད་སོང་ན་སློབ་གྲྭའི་སློབ་སྦྱོང་གི་ཁ་དབུགས་ཧ་ལས་པ་ཡག་ཅེས་པའི་ང་ལ་སློབ་གྲྭ་དེ་མཚམས་སྦྱོར་གནང་། དང་ཐོག་ངའི་དེ་བདེན་སྣང་མ་ཤར་བར་སྐད་ཆ་དེ་རྣ་བའི་ལྟག་རྒྱབ་ཏུ་གཡུགས། རྗེས་སོར་སློབ་གྲྭ་དེ་ཚང་མའི་ཁ་ན་གླེང་གིན་འདུག།

སློབ་གྲྭ་ཧ་ལས་པའི་ལེགས་པོ་ཞིག་ཡིན་རབས་ཤོད་ཀྱིན་འདུག། སློབ་གྲྭའི་སྒྲིག་ལམ་དང་སློབ་སྦྱོང་གི་སྲོལ་བཟང་དང་དགེ་རྒན།སློབ་མའི་ཀུན་སྤྱོད་སོགས་ཧ་ལས་པ་ཡིན་རབས་ཤོད་ཀྱིན་འདུག། དེ་ནས་ངས་ཀྱང་རང་གི་སེམས་ངོར་སློབ་གྲྭ་དེར་རྒྱུགས་ཤིག་སྤྲད་བསམས་བྱུང་། སློབ་གྲྭ་དེར་ཆ་རྒྱུས་ཡག་པོ་ཞིག་ལོན་རྗེས་ད་གཟོད་སློབ་གྲྭས་སློབ་མ་གསར་བ་བསྡུ་བའི་དུས་ཚིགས་ཤིག་ལ་རྒྱུགས་སྤྲད་པ་རེད། ང་དང་ཐོག་སློབ་གྲྭའི་ཁོར་ཡུག་ཏུ་སླེབས་དུས་ངའི་སློབ་གྲྭའི་ཁོར་ཡུག་ལ་དེ་འདྲ་སྣང་དོག་ཅི་ཡང་མ་བྱས། ངེད་དེ་རུ་སྡོད་དུས་སློབ་གྲྭ་དེའི་སློབ་མའི་ཀུན་སྤྱོད་ཧ་ལས་པ་ཡག་པོ་འདྲ་རེད་བསམས་བྱུང་། དགེ་རྒན་དག་མདུན་དུ་འགྲོ་བར་མཐོང་ན་མར་བཙོག་བསྡད་ཡོད་ན་ཡར་ལངས་ནས་མགོ་བོ་མར་བསྒུར་ནས་གུས་གུས་ཞུས་ཤིང་། རང་ལས་ལོ་ན་ཆེ་བའི་རྒན་པ་ཞིག་ཡིན་ན་ཡར་ལངས་ནས་གུས་གུས་ཞུ། ཆེ་བཀུར་ཆུང་བྱམས་ཀྱི་གུས་ལུགས་ཧ་ལས་པ་ཡག་པོ་འདྲ་འདུག། ངོ་མ་སློབ་གྲྭ་གཞན་གྱི་སློབ་མ་དང་བསྡུར་ན་ཤེས་ཡོང་གི། དེ་དག་ནི་ང་དང་ཐོག་སློབ་གྲྭ་དེ་རུ་རྒྱུགས་སྤྲོད་དུ་སོང་སྐབས་ཀྱི་མཐོང་སྣང་དག་ཡིན།

ང་ལ་ལས་སྐལ་ཡག་པོ་ཞིག་གིས་སློབ་གྲྭ་དེ་རུ་རྒྱུགས་འཕྲོད་པའི་སློབ་མའི་མིང་བྱང་དུ་ཚུད་ཀྱང་། ད་ནི་ཡང་བསྐྱར་སློབ་མ་བྱེད་དགོས་པའི་སྐལ་བ་ཡག་པོ་ཞིག་ཤར།

སློབ་གྲྭ་དེ་རུ་ཆེད་ལས་སྣ་མང་པོ་ཞིག་མི་འདུག་པས་ཆེད་ལས་གསོ་རིག་སྐོར་འདེམས་དགོས་པ་རེད། དེ་ལྟར་མི་ལོ་གསུམ་གྱི་རང་ལ་དཀའ་སྤྱད་འབད་བརྩོན་གྱིས་འབྲས་བུ་རེ་རང་རྒྱུད་ལ་ཨེ་ལོན་ཧུར་ཐག་བྱོས། སྤྱིར་སློབ་གྲྭ་སྤྱི་ཡི་སློབ་སྦྱོང་དང་སྒྲིག་ལམ་ཧ་ལས་པ་དོད་པོ་འདྲ་རེད། དེའི་ཕྱིར་སློབ་མ་རེ་རེ་རྒྱུད་ཀྱི་རང་རྟོགས་ཀྱི་རྣམ་པ་དེའང་ཧ་ཅང་ཞིབ་ཚགས་ཡིན་ལ། མི་རེ་རེའི་བར་ན་སློབ་སྦྱོང་གི་འགྲན་བརྩོན་དང་འཛིན་གྲྭ་རེ་རེར་མཚོན་ནའང་དེ་ལྟ་བུ་ཞིག་རེད། སློབ་གྲྭ་དེ་ངོ་མ་སློབ་གྲྭ་གཞན་པ་དང་མི་འདྲ་བར་གཞན་དང་བསྡུར་ན་ཁྱད་ཆོས་མང་པོ་ཞིག་འདུག་བསམས་བྱུང་། དེ་ངོ་མ་རང་ཉིད་ཀྱི་སྒྲོ་བཏགས་ཀྱི་སྐད་ཆ་དང་ཤོབ་བཤད་མིན་པར་དེང་སྐབས་ཀྱི་སྤྱི་ཚོགས་སུ་གསལ། དེ་ལྟར་དགེ་རྒན་རྣམས་ཀྱི་སྐུ་དྲིན་དང་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་གྱིས་མི་ལོ་གསུམ་གྱི་སློབ་སྦྱོང་གི་འཚོ་བའམ་སློབ་གྲྭའི་འཚོ་བ་དེ་ལྟར་རྫོགས།

ད་ནི་སྤྱི་ཚོགས་སུ་སླེབས་ནས་ཕྱིར་འདང་རེ་བྱས་ན་རང་ཉིད་ལ་འོད་སྟོང་ལྡན་པའི་ལམ་བུ་ཞིག་སུས་གནང་བ་དང་སུ་དག་ལ་སྐུ་དྲིན་ཆེ་བ་ཤེས་ཡོང་། ངའི་དཀའ་སྡུག་གི་ལམ་བུ་དང་མི་ཚེའི་སྐྱོ་སྡུག་གི་དཀྱོགས་མཚམས་རེ་རེ་ནས་ང་རང་ཡང་བསྐྱར་གསོན་པའི་སེམས་ཤུགས་བསྩལ་མཁན་གྱི་ཕ་མ་དང་དགེ་རྒན་དག་ལ་ངོ་མ་སྐུ་དྲིན་ཆེ་ཞིང་། ཁྱེད་ཅག་ནི་ངའི་མི་ཚེའི་གཟི་བརྗིད་དང་བསོད་ནམས་སུ་བསམས་ཡོད།



  • ལེ་ཚན་སྔོན་མ།:གླེན་པའི་གློའུ་བཤད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།