བྱིས་དུས་ཀྱི་ང་རང་།

གཡང་མོ་མཚོ།        2022-05-23

བྱིས་དུས་ཀྱི་ང་། ཕ་མ་གཉིས་ཀྱིས་སེམས་ཁོང་ན་གནས་པའི་སྐར་མ་འོད་ཆེན་ཞིག རྒན་པ་རྣམས་ཀྱི་མིག་མདུན་དུ་གནས་པའི་བསམ་མེད་ཀྱི་བྱིས་པ་མ་རབས་ཤིག བྱིས་དུས་ཀྱི་ང་ལ་བསམ་གཞིག་མང་པོ་མེད་ལ་སྡུག་བསྔལ་ཡང་མེད། དེ་ལས་ལྷག་པའི་ཕུགས་བསམ་ཞེས་པ་དེའང་གཏན་ནས་མེད།

དུས་ཚོད་ཀྱི་འཁོར་འགྲོས་ཤིག་གམ་ལོ་ཟླའི་བརྒྱུད་རིམ་ཁྲོད་ནས་ང་ཡང་ནར་སོན་ཏེ་ཤེས་རིག་གི་ཞིང་ཁམས་ཤིག་ལ་བགྲོད་པར་ལྟ་གོན་བྱས། ང་རང་ཆུང་དུས་ནས་བཟུང་ཤེས་བྱ་ལ་ལྟོགས་པས་ཟས་དང་སྐོམ་པས་ཆུ་འདོད་པའི་བུ་མོ་ཆུང་ཆུང་ཞིག་ཡིན། དེའི་ཕྱིར་ང་ཡང་ནོར་འཛིན་ཨ་མའི་ཕང་བ་རུ་ལང་ཚོའི་ཁོ་ལག་རྫོགས་ཏེ་མཚར་སྡུག་གི་ཤེས་བྱའི་མཛོད་འཛིན་ཏེ་མ་ཡུམ་གངས་ལྗོངས་བུ་མོའི་ཐོས་བརྩོན་གྱི་གླིང་ཀ་འདིར། ཚེ་སྲོག་ཆུང་ཆུང་ཞིག་གིས་མ་འོངས་མདུན་ལམ་ལ་རེ་བ་དང་ཡིད་ཆེས་ཀྱིས་ཕྱུག་སྟེ་བརྩོན་སེམས་ཀྱི་སྙིང་རུས་མི་དམན་པ་བསྐྱེད།

བྱིས་དུས་ཀྱི་ང་ལ་རིག་པའི་ལྡིང་ཁང་ཞིག་ཏུ་འགྲིམ་འདོད་ཀྱི་འདུན་པ་དྲག་པོ་ཞིག་ཡོད་ལ། ནག་ནོག་གི་དྲི་མས་མ་གོས་པའི་ལྷད་མེད་དྭངས་གཙངགི་བསམ་པ་ཞིག་ཀྱང་ཡོད། བྱིས་དུས་ཀྱིས་ངའི་རྨི་ལམ་ཁྲོད་ནམ་ཡང་སློབ་གླིང་ཞིག་ཏུ་ཅི་ཞིག་བོར་ཟིན་པའམ་ཅི་ཞིག་བརྗེད་སོང་བ། གནས་དེར་རིན་ཐང་བྲལ་བའི་དངོས་པོ་ཅི་ཞིག་ལྷག་སོང་བ་བཞིན་དེ་འཚོལ་འདོད་ཀྱི་འདུན་པ་དེས་ང་ལ་ནམ་ཡང་རྨི་ལམ་དུ་ཡང་སྐུལ་མ་ཡང་ཡང་བྱས་ལ། སྐུལ་འདོད་ཀྱི་ཅོང་བརྡ་སྙན་མོ་ཞིག་ནམ་ཡང་ངའི་སྒྲ་འཛིན་རྣ་བའི་ཡུལ་ལ་བར་མེད་དུ་སྙན་ལྷང་ལྷང་གིས་གྲག་བཞིན་མཆིས།

བྱིས་དུས་ཀྱི་ང་ལ་རེ་བ་དང་འཚོལ་སྙེགས་གྲངས་མེད་ཅིག། སྤྲོ་སྐྱིད་དང་འཛུམ་མདངས་དངོས་མ་ཞིག། ལྷག་བསམ་དང་དགོད་སྒྲ་གཙང་མ་ཞིག། དེ་དག་རེ་རེས་ངའི་མདུན་ཐད་དུ་མུན་པའི་སྟོབས་འཇོམས་་བྱེད་ཀྱི་མར་མེ་བསྒྲོན་ཏེ་ང་ལ་ལམ་སྟོན་མཛད། བྱིས་དུས་ཀྱི་ང་རང་ཉམ་ཆུང་ཞིང་མཛེས་སྡུག་གིས་བཀླུབས་པའི་རེ་ཆེན་མང་པོ་མང་པོ་ཞིག་རེ་བ་ཆུང་ཆུང་རེ་རེའི་ཁྲོད་ནས་ང་ལ་བརྗོད་ཀྱིས་མི་ལངས་པའི་སྤྲོ་བ་ཞིག་དང་འཛུམ་མདངས་ཤིག། སྤྲོ་སྐྱིད་དང་རེ་བ་དེ་དག་ནི་བྱིས་དུས་ཀྱི་ངའི་བློས་ཐུབ་གྲོགས་མོ་ཡིན། དེ་དག་ནི་བྱིས་དུས་ཀྱི་ངའི་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འཚོ་བའི་སྒུལ་ཤུགས་ཡིན།

བྱིས་དུས་ཀྱི་ང་ནི་དགའ་སྤྲོ་ཁོ་ནའི་ཁྲོད་ནས་ནར་སོན་ཞིང་། དགའ་བ་ལས་སྐྱོ་བ་མི་ཤེས་ལ་བདེ་སྐྱིད་ལས་སྡུག་བསྔལ་མི་རྟོགས་པའི་བུ་མོ་ཞིག། དགོད་སྒྲ་ལས་ངུ་སྒྲ་མི་ཐོས་ཤིང་རེ་སྙེག་དང་རྨི་ལམ་གྱིས་ཕྱུག་པའི་བུ་མོ་ཞིག།

བྱིས་དུས་ཀྱི་ང་རང་། དྲིན་ཆེན་ཕ་མའི་སེམས་ཁོང་གི་དྲོད་ཐིགས་ཡིན། རེ་བའི་དར་ཆ་ཡིན། གཞིས་ཁྱིམ་ཞིག་གི་བདེ་སྐྱིད་ཀྱི་འབྱུང་གནས་ཡིན། མིང་སྲིང་སྤུན་མཆེད་ཚོའི་སྤྲོ་སྐྱིད་ཀྱི་རྟེན་གཞི་ཡིན། བྱིས་དུས་ཀྱི་ང་རང་། ལོ་ཟླའི་གཅེས་ཕྲུག་ཡིན། བརྩེ་སེམས་ཀྱི་དྲོད་ཀྱིས་གསོས་པའི་བརྩོན་པའི་རུ་དར་ཡིན་ནོ།།



  • ལེ་ཚན་སྔོན་མ།:བདག་གི་རྨི་ལམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།