དབྱིངས་སུ་འཁྱིལ་བའི་ཕ་ཡུལ།

རྟ་མགྲིན་སྐྱབས།        2022-05-18

མདོ་སྨད་ཤར་ཕྱོགས་ཀྱི་འཛིན་མའི་ལྟོ་བ་རུ། འདས་མ་ད་གསུམ་གྱི་ལོ་རྒྱུས་རིང་མོ་གོས་བཟང་སུ་བཀླུབས་ཤིང་། ཡན་ལག་བརྒྱད་ལྡན་གྱི་ཀླུ་ཆུའི་བཞུར་རྒྱུན་དར་དཔྱངས་སུ་མནབས་པའི་ཁྱེད་རང་། བཅུ་དྲུག་ལང་ཚོས་ཡོངས་སུ་རྫོགས་པའི་ལྷ་མོ་བཞིན་ལྟ་ན་སྡུག།

ཁྱོད་ཀྱི་པང་ཁུག་ནས་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དབྱར་མཚོ་ལྟར་རྒྱས་ལ། གྲོ་ནས་སྲན་གསུམ་གྱི་འབྲས་བུ་ཁུར་གྱིས་དུད་ཅིང་ལྗིད། ངོ་མཚར་དཔལ་གྱི་བདག་མོ། ཁྱོད་ནི་བདག་གི་དྲན་འཛིན་གྱི་མཁའ་དབྱིངས་ན་འོད་དུ་འཚེར་བའི་ཁྲི་གདུགས་ཀྱི་ཉི་མ་སེར་པོ་དང་། ཁྱོད་ནི་སུ་ཞིག་གིས་མི་ཡུལ་ལ་ཕུལ་བའི་ལེགས་སྐྱེས་ཡིན། ལོ་རྒྱུས་ཀྱི་ཕྲེང་བར་བརྒྱུས་པའི་གཏམ་རྒྱུད་ཀྱི་གསེབ་ན། ཁྱོད་ཀྱིས་རི་ལུང་ཐང་གསུམ་ཁད་ཀྱིས་དཀྲོགས་པའི་གསང་བ་མོད་པོ་ཉར་ཡོད་ལ། དུས་དེ་རིང་། ཁྱོད་རང་འགྱུར་ཁུགས་སྟོང་གི་རྒྱུད་སྐུད་ལ་སྙན་པ་འཁོར་བའི་དུས་ཀྱི་ལྷ་མོ་ཞིག་ཏུ་སྤྲུལ་ཡོད།

འགྲན་རྩོད་དང་འཕེལ་རྒྱས་ཀྱི་རྦ་རླབས་དགུང་དུ་འཕྱུར་བའི་དུས་རབས་འདི་ནས། ཁྱོད་ཀྱིས་རང་ཉིད་ཀྱི་ཟུངས་ཁྲག་ཆུ་བོའི་རྒྱུན་དུ་བསྐུལ་ནས་གསར་སྐྱེས་ཀྱི་མེ་ཏོག་ལྟ་བུའི་ན་གཞོན་དག་ལ་དྲན་པ་སྐུལ་བ་འདི་བདག་སེམས་སུ་སྔ་མོ་ནས་ཉི་ཟླ་ལྟ་བུའི་གཞིས་ཁྱིམ་དུ་བསྐྲུན་ཡོད་ལ། ཁྱོད་ཀྱི་བཞུར་རྒྱུན་ལས་འཁྲུངས་བའི་གསར་སྐྱེས་ཀྱི་མེ་ཏོག་ཡོད་ཚད་རྩྭ་ཐང་གི་བཅུད་དུ་འཁྱིལ་ཡོད། ལོ་རྒྱུས་ཀྱི་བདེན་པ་འཕྱོ་བའི་རླབས་རྒྱུན་ལས་བརྡོལ་བའི་ངའི་གཞིས་མལ་དྲོན་མོ། ཁྱོད་ཀྱི་པང་ན་ཤེས་རིག་གི་སྒྱུ་རྩལ་ཆུ་གཏེར་བཞིན་རྒྱས་ལ། རིག་དཔལ་གྱི་དགེ་མཚན་ཆར་དུ་བསྙིལ། ཕྱིའི་སྣོད་ཀྱི་བཀོད་པ་ལ་མཛེས་སྡུག་གི་རི་མོ་གྲུབ་ཅིང་། ནང་བཅུད་ཀྱི་སེམས་ཅན་ལ་བསོད་ནམས་ཀྱི་དངོས་གྲུབ་བསྟམས་ཡོད། ངའི་འདི་ན་རིན་ཐང་གཞལ་མེད་ཀྱི་རིག་པའི་ཉིང་བཅུད་བསྟིམས་ཡོད།

སྦྲ་ནག་གི་ལང་ཚོ་རུམ་པའི་ངའི་ཕ་ཡུལ། དྲན་པའི་བྲང་ངོས་སུ་ནམ་ཡང་བསུབ་པ་མེད་པའི་རྡོ་བརྐོས་རི་མོ་བཞིན། ཡལ་བ་མེད། འབྲོག་པའི་སྦྲ་ནག་གི་དུད་སྤྲིན་མཁའ་དབྱིངས་སུ་འཁྱིལ་དུས། རྩྭ་ཐང་གི་ཆེས་ཐོག་མའི་དབང་བསྒྱུར་བ་དང་ཆེས་ཐོག་མའི་བདག་པོ་རུ་འབོད་པའི་འབྲོག་ཕྲུག་གི་མཐིང་སྨུག་སྦྲ་ནག གནས་འདི་ནས་མདོ་རིགས་རྟ་ཕོའི་འཚེར་སྐད་དང་ལྷན་དུ་ཡབ་ཆེན་སྟོང་གི་དཔའ་རྟགས་བཞག་མྱོང་ལ། ཐུལ་དཀར་འབྲི་མོའི་བཞོ་དབྱངས་དང་ལྷན་དུ་ཡུམ་ཆེན་སྟོང་གི་ལང་ཚོ་རྫོགས་མྱོང་། གཡང་དཀར་རྫི་བོའི་རྫི་གླུ་དང་འགྲོགས་ཏེ། དེང་གི་བསྐལ་བ་ཡག་པོ་བཅོ་ལྔའི་དུང་ཟླ་བཞིན་ཚེས་ཡོང་དུས། ངའི་ཕ་ཡུལ་ཡིད་ཀྱིས་སྤྲུལ་བར་དཀའ་བའི་ཕྱིའི་སྣོད་ཀྱི་མཛེས་སྡུག་མཛེས་ཆས་སུ་སྤྲས་ཏེ་ཕྱི་ཡོང་གི་མགྲོན་པོ་ལ་བརྩེ་འཛུམ་གྱི་ལག་བརྡ་གཏོང་ངེས་ལ། སྐྱེ་རྒུའི་ཡིད་དབང་འགུག་པའི་བརྩམས་ཆོས་སུ། ད་དུང་སྒེག་ཉམས་ཀྱིས་ཕྱུག་པའི་རྐྱང་ཐང་མཚོ་མོ། དཔའ་ཉམས་ཀྱིས་བཞེངས་བའི་རྫོང་ལྷ་བཅུ་གསུམ། བརྗོད་མི་ཚར་བའི་ཀ་ཤུལ་རྡོ་མཁར། ངོ་མཚར་འབུམ་གྱིས་ཕྱུག་པའི་རྫས་ཚའི་བྲག་རི་སོགས་ལོ་རྒྱུས་ཀྱི་དབྱངས་རྟ་འཁྱིལ་ཡོད་ལ། ཤ་གོར་ཐུད་གསུམ། མར་ཆུར་རྩམ་གསུམ་སོགས་ཀྱི་ཟས་རིགས་སྟོང་གི་བསུ་མའི་དགྱེས་འཛོམས་ཁྲོད་མགྲོན་པོ་ཁྲི་ཡི་འཁྲེང་སེམས་དང་ཕྱི་མིག་གི་ཞགས་པ་རིང་མོའི་ལྷ་དར་ཁྱེད་ལ་འཐེན་ནས་ཡོད།

ཡིད་འཕྲོག་ལྷ་མོ་ལ་གསེར་ཚོན་གྱིས་བྱུགས་དུས། སྨད་ཀྱི་རྣང་ཞིང་དུ་འབྲུ་དྲུག་གི་མགོ་བོ་གུས་ཉམས་ཀྱིས་བདག་པོ་བསུ་མ་ལ་བྲེལ་ཞིང་།རང་ལུས་ཕངས་མེད་དུ་སྦྱིན་པའི་སྙིང་སྟོབས་ཀྱིས་སུ་མཐོ་ང་མཐོ་འགྲན་དུས།མིའི་རིགས་ལ་ཆེས་ཐོག་མའི་དཀར་ཟས་ཀྱི་མཆོད་པ་འབུལ་མཁན་དུ་འབོད་པའི་ཞིང་པ་མང་ཚོགས་ཀྱི་དགོད་སྒྲ་དང་འགྲོགས་ཏེ། ཟོར་བ་རྣོན་པོའི་འདུར་རྒྱུག་གི་ཁྲོད་ནས་ཡུམ་ཆེན་སྟོང་གི་ལང་ཚོ་ཟད་མྱོང་ལ། གཤོལ་གྱི་ཁ་ལོ་ལྗི་མོ་རྔུལ་ནག་གི་ཁྲོད་ནས་ཡབ་ཆེན་སྟོང་གི་ཆོད་སེམས་ཕུལ་མྱོང་། ལོ་ལེགས་ཀྱི་ཞིང་གླུ་དང་ལྷན་དུ། བསྐལ་བ་ཡག་པོ་མུན་པའི་འོད་སྣང་བཞིན་གསལ་ཡོང་དུས། ངའི་ཕ་ཡུལ་གྱིས་རང་ཉིད་བཅུ་དྲུག་ལང་ཚོ་སྨིན་པའི་ན་ཆུང་མ་ཞིག་ཏུ་སྤྲུལ་ནས་སྐྱེ་དགུའི་ཡིད་དབང་འགུག་ཞོར་ཕ་ཡུལ་གྱི་སྙན་པ་ཕྱི་རུ་འགྲེམ་བཞིན་ཡོད་ལགས།

ཡིད་འོང་གི་ཀླུ་ཆབ་སྔོན་མོ། ཤམ་བྷ་ལའི་མཛེས་སྡུག་གི་མིང་བྱང་རྒྱན་ཆ་རུ་སྤྲས་ཏེ་མ་བོས་མགྲོན་པོ་ཁྲི་མ་འབུམ་གྱི་མིག་གི་གསོས་སུ་སྨིན་པ་དེ་ཁྱེད་ཡིན་ལ།”སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་པ།། གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་པ།།”ཡི་གཏམ་དཔེ་འདི་ཡང་ཁ་ནས་བཤད་པ་ཙམ་དུ་མིན་པར་བདེན་དཔང་བྱེད་མཁན་ཡང་ཁྱེད་ཡིན་ལགས། ཀྲུང་གོའི་སྐོར་བྲོ་ཡི་ཕ་ས།”ཀན་ལྷོ་ཀླུ་ཆུ”འབོད་ལ། ས་འདི་ནས་དཔའ་བོ་སྟོང་ཕྲག་གི་ཤ་ཁྲག་རུས་གསུམ་ས་རུ་འཐིམ་མྱོང་ལ། མཛངས་མ་སྟོང་ཕྲག་གི་མིག་ཆུ་ཆུ་བོ་རྒྱུན་ལ་འདྲེས་མྱོང་། ས་འདི་ནས་མཁས་ཆེན་བརྒྱ་ཕྲག་གི་ཞབས་རྗེས་བཞག་མྱོང་ལ།དུས་བཟང་ནང་གི་མི་རིགས་ཀྱི་བསྔགས་བརྗོད་གླུ་རུ་བླངས་མྱོང་།

མདོར་ན། འཇོ་སྒེག་ལང་ཚོ་ངོམ་པའི་ཕ་ཡུལ་ཀླུ་ཆུ། བདག་གིས་ཁུ་བྱུག་གི་གྲེ་འགྱུར་ངག་ལ་དྲངས་ནས་ཁྱེད་ལ་བསྟོད་པའི་གླུ་གཞས་གདངས་ལ་བཀུག་སྟེ་བསྟོད་པའི་མེ་ཏོག་གཏོར་འདོད་ལ། སྨྱུ་གུ་རུམ་ཏུ་བཅུག་སྟེ་འཚེ་མེད་ཞི་བདེ་ཡི་སྨོན་ཚིག་དབྱངས་སུ་བཀུག་ནས་ཁྱེད་དྲན་པའི་གདུང་བ་འདི་ཁ་བཏགས་དཀར་པོ་ཡུག་གཅིག་གི་ཚབ་ཏུ་ཁྱེད་ལ་འཐེན་ན་འདོད། ཕ་ཡུལ་ལགས།



  • ལེ་ཚན་སྔོན་མ།:ངའི་མི་ཚེའི་ནང་གི་དགེ་རྒན་ཐོག་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།