ཕ་ཡུལ་གྱི་རི་ཆུ།

སློབ་མ། བོ་ཆུང་།        2022-04-28

ངའི་ཕ་ཡུལ་ན་མཛེས་སྡུག་ཡིད་དུ་འོང་བའི་རི་ཆུ་སྣ་ཚོགས་ཡོད་ལ། དེ་ནི་ས་ཆ་སྐྱིད་པོ་ཞིག་ཀྱང་ཡིན། གཡུ་མདོག་གི་ལྭ་བ་གྱོན་ཡོད་པའི་རི་བོ་མཐོན་པོ་མང་པོ་ཡོད་ལ། ཆུ་ཕྲན་དྭངས་ཤིང་གསལ་བའང་ཡོད།

ང་རང་ཕ་ཡུལ་དུ་ལོག་ཐེངས་རེར། ང་རང་རི་ཆུ་ལ་ལྟ་རུ་འགྲོ་ལ། རི་བོ་མཐོན་པོ་དེ་དག་ལ་བཟོ་ལྟ་མི་འདྲ་བ་རེ་རེ་ཡོད་པ་དང་། ཆུ་བོ་ཤང་ཤང་བཞུར་བཞིན་ཡོད། རི་བོའི་གཤམ་དུ་རྩྭ་ཐང་ཞིག་ཡོད་ཅིང་། རྩྭ་ཐང་དེ་ནི་མུ་མཐའ་མེད་པའི་ས་གདན་སྔོ་ལྗང་ཞིག་གི་སྟེང་དུ་ཁ་དོག་སྣ་ཚོགས་ཀྱི་མེ་ཏོག་གིས་ཚོམ་བུས་བརྒྱན་པ་དང་། དེའི་སྟེང་དུ་རྟ་ནོར་ལུག་གསུམ་གྱིས་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་ཡོད། དེའི་དྲུང་དུ་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་ཚོམ་བུ་ཚོམ་བུ་བྱས་ནས་སྐྱེས་སྟབས་བདག་གི་ཕ་ཡུལ་ནི་ཇི་འདྲའི་སྐྱིད་པ་ལ། བདག་གི་ཕ་ཡུལ་ན་སྔོ་ལྗང་གི་རྩྭ་ཐང་དང་། དྭངས་གཙང་གི་ཆུ་བོ།ད་དུང་ལྷད་མེད་ཀྱི་ནམ་མཁའ་སོགས་ཡོད།

གནས་འདིའི་མི་ཚང་མར་གཞན་ཕན་གྱི་བསམ་བློ་དང་།བླ་མེད་ཀྱི་ཀུན་སྤྱོད་མངའ་བ་རེད།

བདག་གི་ཕ་ཡུལ་དུ་མིང་ལ་སྙི་བླ་མཚོ་ཟེར་བའི་མཚོ་མོ་ཆུང་ཆུང་ཞིག་ཀྱང་ཡོད། དེའི་ཆུ་ནི་ཧ་ཅང་དྭངས་པས་ཆུ་གཏིང་གི་རྡེའུ་ཡང་མཐོང་ཐུབ། ཆུ་ནང་དུ་གསེར་ཉ་སྣ་ཚོགས་ཀྱིས་གང་འདོད་ལྟར་འཁྱུག་རྩལ་ངོམ་བཞིན་ཡོད། ཆུ་བྱ་གང་མང་ཞིག་གིས་ཀྱང་ཅ་ཅོ་སྒྲོག་ཞོར་དུ་ཆུ་ཁར་གཡེང་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བལྟས་པ་ཙམ་གྱིས་མིའི་ཡིད་དབང་འཕྲོག་པ་རེད།

བདག་གི་ཕ་ཡུལ་གྱི་རི་ཆུ་ལགས།ཁྱེད་ཀྱི་བཞུར་སྒྲ་དང་བརྗིད་ཉམས་དག། བདག་གི་རྣ་བར་དུ་ཐོས་མྱོང་བ་དང་དྲན་སྣང་དུ་ཤར་ཚེ། ངས་ཁྱེད་ཀྱི་པང་རུམ་ནས་སྙན་འཇེབས་ཀྱི་གླུ་དབྱངས་བླངས་ནས། དུས་ནམ་ཡང་ཁྱེད་ལ་དགའ་ཞིང་། ཁྱེད་ལ་དུང་བ་ཡིན་ནོ།།



  • ལེ་ཚན་སྔོན་མ།:ཞོགས་པའི་ཡུལ་ལྗོངས།
  • ལེ་ཚན་རྗེས་མ།:ངའི་མ་འོངས་པའི་ཕུགས་བསམ།