མགྱོགས་བྲིས་ཁག་དྲུག

སྐལ་བཟང་མཚོ་མོ།        2022-04-20

ངའི་དུང་བ།

ང་རང་སྙན་ངག་ལ་དུང་ཞིང་རྩོམ་འབྲི་ལ་དགའ།འོན་ཀྱང་ཁ་ཕྱོགས་ཙམ་ཨེ་རྙེད་དང་གཞི་རྐང་ཙམ་འཛུགས་བསམ་པ་ལས།ངས་བྲིས་པ་འདི་དག་སྙན་ངག་ཡིན་པར་གཏན་ནས་བསམ་བཞིན་མེད།

ལྟ་བ།

གཞན་གྱིས་དེ་ནི་གྲང་རླུང་ཁྲོད་དུ་གནས་པའི་ཡུལ་ཞིག་དང་ཀླ་ཀློ་དང་མཐའ་འཁོབ་ཀྱི་ཡུལ་ཞིག་ཡིན་ཟེར།བདག་གིས་དེ་ནི་གངས་རྒྱན་པད་མ་བཞད་ཅིང་དྭངས་གསལ་གྱི་ཆུ་བོ་བཞུར་བ།མ་ཎི་ཡིག་དྲུག་བགྲངས་ཤིང་ཀ་ཁའི་དབྱངས་རྟ་གྱེར་བའི་ཡུལ་ཞེས་བརྗོད་འདོད།ཁྱོད་ཀྱིས་ཞིབ་ཏུ་གཟིགས་དང་།འུར་འུར་ལྡང་བའི་གྲང་རླུང་དེ་ནི་མདུན་སྐྱོད་ཀྱི་འབོད་སྐུལ་ཡིན་ལ།ལྷབ་ལྷུབ་ཏུ་འབབ་པའི་ཁ་བ་དེ་ནི་མི་རིགས་འདིའི་ལྷག་བསམ་མཚོན་པ་ཡིན།དེ་བས་ང་རང་ཁ་བ་ལ་དུང་ཞིང་གྲང་རླུང་ལའང་དགའ་བའོ།།

རྣམ་གཡེང་།

ཁྱོད་ནི་བརྩེ་དུང་གི་རྒྱལ་སྲས་མིན་ལ།སྲིད་ཀྱི་དེད་དཔོན་ཡང་མིན།མི་རིགས་ཀྱི་དར་རྒུད་དང་ཁྱིམ་ཚང་གི་བདེ་སྡུག་གླེང་བའི་འགན་འཁྲིའང་གནས་སྐབས་ཁྱོད་ལ་མེད།ཅ་ཅོའི་གཏམ་ལ་མགོ་མ་འཐོམ།སྒྱིད་ལུག་གི་ཕྱོགས་སུ་སེམས་མ་ཤོར་བ་ཞིག་དགོས།

ལམ།

ཐོག་མའི་ངུ་སྐད་དང་བསྟུན་ནས་ཟང་ཟིང་ལང་ལོང་ངང་མི་ཡུལ་འདིར་སླེབས།གྱ་མ་གྱུ་ཡི་མི་ཚེའི་བགྲོད་ལམ་དུ་འུར་འུར་ཟིང་ཟིང་གིས་ཞུགས་ཤིང་།ཡང་མ་ཎི་དང་སྨྲེ་ངག་ཁྲོད་ནས་ཟང་ཟིང་ལང་ལོང་ངང་མཇུག་རྫོགས་སོ།།

ཁྱོད།

ལྷགས་རླུང་ཁྲོད་དུ།ལྷས་རའི་ནང་དུ།བུ་ཕྲུག་གི་ཆེད་དུ།

ལང་ཚོ་སྨྱུག་མ་འདྲ་བོ་དེ་ཕུལ་ཞིང་།

སྐྲ་ལོ་ལྕང་ལོ་འདྲ་བ་ཡང་ཕུལ་ལོ།།



  • ལེ་ཚན་སྔོན་མ།:འཕྲིན་ཡིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།