སློབ་མ་ཚེ་དབང་སྒྲོལ་མ། 2022-04-13
དེ་རིང་ནི་གཟའ་སྤེན་པ་ཡིན།
སྟོན་མཇུག་གི་ནམ་མཁའ་ནི་སྔོ་ཞིང་བསངས།ཉི་འོད་དྲོ་ཞིང་འཇམ་ནའང་ཕྱི་རུ་གྲང་རླུང་ལྡང་བས་ཅུང་འཁྱག་སྣང་སྐྱེ།གྲོང་ཚོ་འདི་ཆེ་རྒྱུ་མེད་མོད་འདུ་འཛི་ཤིན་ཏུ་ཆེ་ཞིང་ཕྱོགས་ཡར་མར་གྱི་འགྲུལ་པ་མང་པོ་འདུག།ཐ་ན་སྲོད་ཀྱི་དུས་ལའང་མི་ཚོགས་ཀྱི་རྒྱུན་མི་ཆད་པའི་ཚོད། སྐད་རིགས་དང་གྱོན་གོས། བསམ་ཚུལ་སོགས་སྣ་ཚོགས་ཀྱིས་སྐད་ཅིག་ཉིད་ལ་གྲོང་ཚོ་འདི་རྨི་ལམ་ལྟ་བུ་ཞིག་ཏུ་བསྒྱུར་ཡོང་། ང་ནི་ལྷིང་འཇགས་ལ་དགའ་ལ་འདུ་འཛི་ལའང་མོས།
ངའི་ཁྱིམ་ནི་གྲོང་ཚོ་འདིར་ཡོད་ཅིང་།ཚང་མས་གྲོང་ཚོ་འདིའི་མིང་ལ་སེང་ཟེ་ཞེས་འབོད།
དེ་རིང་ངལ་གསོ་ཡིན་པས་རང་ཁྱིམ་དུ་འགྲོ་ཆོག། གྲོགས་མོ་གཉིས་འདར་སིག་སིག་བྱེད་བཞིན “ཁྱོད་ནམ་རྒྱུན་དུས་ཚོད་ག་ཙམ་ནས་ཁྱིམ་དུ་ལོག་པ་ཡིན་ནམ།”ཞེས་དྲིས། “སློབ་གྲྭ་ནས་ཁྱིམ་དུ་བར་ཐག་རིང་ཙམ་ཡོད་པས་སྔ་མོར་ལངས་པ་ཡིན”ཞེས་ལན་བཏབ།
སྐབས་དེར།སྤྱི་སྤྱོད་རླངས་འཁོར་སླེབས་པ་དང་ངེད་གསུམ་མྱུར་དུ་འཛུལ། དེ་རིང་སློབ་གྲྭ་ནས་རང་ཁྱིམ་དུ་སྐར་མ་བཅུ་ཙམ་ལས་མ་འགོར། ཁྱིམ་དུ་སླེབས་ནས་ནངས་ཇ་འཐུང་བ་དང་དགོད་བྲོ་བའི་སྐད་ཆ་མང་པོ་ལབ་པས་རེ་ཞིག་ཁྱིམ་འདིར་བདེ་སྐྱིད་ཀྱི་སྣང་བས་དྲོ་ཞིང་སྐྱིད།
མཚམས་ཤིག་ལ་མོ་གཉིས་ཀྱིས་རྒྱ་ནག་མ་ཎིར་འགྲོ་འདོད་ཆེ་ཞེས་སྐུལ་བས་ང་ལ་སྔར་མེད་པའི་སྤྲོ་བས་བརྟས། རྒྱུ་མཚན་ནི་ཁོ་མོ་གཉིས་རྒྱ་ནག་མ་ཎིར་ཐོག་མར་སླེབས་པས་ངས་ཐེངས་འདིའི་ཡུལ་སྐོར་སྣེ་ཤན་གྱི་འགན་མི་ཁུར་རང་འཁུར་ཡིན། སྐོར་ལམ་དུ་ཐོན་རྗེས“གནས་འདིའི་རྒྱ་ནག་མ་ཎི་གྲགས་ཆེ་བ་དང་ཐོག་མར་མཇལ་དུས་ངོ་མི་མཚར་རམ”ཞེས་འདྲི་དུས། “ཁོ་མོ་གཉིས་ཀྱིས་དེ་ལ་ཡ་མཚན་རྒྱུ་ཅི་ཡོད།ཁྱོད་ངེད་གཉིས་ཀའི་ཕ་ཡུལ་དུ་འགྲོ་མྱོང་ངམ། བྱིན་རླབས་ཆེ་བའི་སྐུ་གདུང་མཆོད་རྟེན་སོགས་ལ་མཇལ་མྱོང་ངམ”ཞེས་ཟེར་དུས། དེ་ལའང་རྒྱུ་མཚན་མི་འདུག་པ་མ་རེད་སྙམ།སྐོར་ལམ་གྱི་གཞོགས་གཉིས་སུ་རྡོ་ཆེ་མ་ཆུང་གསུམ་སྤུངས་ཤིང་། རྡོ་ལེབ་རེ་རེར་ༀམཎིཔདྨེཧཱུཾ། མདོ། གདུགས་དཀར། སྒྲོལ་མ། ༀཨཿཧཱུཾབཛྲགུརུཔདྨསིདྡྷི་སོགས་ལྟ་བུའི་ཆོས་སྣ་ཚོགས་ལ་ཚོན་སྣ་ཚོགས་བྱུགས་པས་གསོན་ཉམས་ལྡན་ལ་བཀྲག་མདངས་ཆེ་བས་ཡིད་འཕྲོག་པ་ཞིག་འདུགལྷ་དང་བླ་མའི་སྐུ་བརྙན་དེ་དག་ནི་དངོས་སུ་བཞུགས་པ་དང་གཉིས་སུ་མ་མཆིས། ངས་མུ་མཐུད་དུ་མ་ཎི་རྡོ་འབུམ་འདིའི་ཤར་ནུབ་ཀྱི་རིང་ཐུང་ལ་སྨི༤༥༠དང་ལྷོ་བྱང་ལ་སྨི༡༠༠ཙམ་ཡོད་ཚུལ། རིག་གནས་གསར་བརྗེའི་སྐབས་སུ་གཏོར་བརླག་ཚབས་ཆེན་ཐེབས་རུང་སྤྱི་ལོ་༡༩༨༦ལོར་ཉམས་པ་སླར་གསོ་བྱེད་པའི་སྲིད་ཇུས་བཟང་པོ་སྤེལ་བས་རེ་བ་གསར་བ་ཞིག་དང་འཕེལ་རྒྱས་གསར་པ་ཞིག་བྱུང་བ་སོགས་རང་གིས་ཤེས་ཚོད་ཀྱིས་གནས་བཤད་རགས་ཙམ་བཤད་པས་ཁོ་མོ་གཉིས་ཀྱང་ཧ་ཅང་སྤྲོ་འདུག།
དེ་ལྟར་འགྲོ་དུས་སྐབས་ཤིག་ལ་བོད་ཡིག་གི་དཔེ་ཁང་ཞིག་ཡོད་པ་དེར་ཐོན།དགའ་ཕྱོགས་ཀྱི་དབང་གིས་སྐོར་ལམ་བསྐྱུར་ནས་དཔེ་ཁང་དུ་འཛུལ། དཔེ་ཆ་བཟང་པོ་མང་མོད་ལྟ་ཀློག་ཅུང་ཁག་པས་བཤད་མི་ཤེས་པའི་ཚོར་སྣང་ཞིག་གིས་ལུས་པོ་ཡོངས་བཅུམས་སྣང་སྐྱེ། ངའི་གྲོགས་མོ་གཅིག་ནི་དཔེ་ཁང་གི་ཚོང་བས་ངོ་ཤེས་པ་མ་ཟད“ཁྱིམ་མི་བདེ་མོ་ཡིན་ནམ། ཁྱེད་རང་ནར་སོན་འདུག”ཅེས་སྐད་ཆ་ཡང་དྲིས།མོ་ཅུང་དངངས་ཏེ“ཁྱོད་ནོར་བ་མིན་ནམ།” ཞེས་ངོ་མདངས་འགྱུར་བས་ངོ་མི་ཤེས་པ་འདྲ།དེ་ནས་ཁོས་མོའི་ཨ་ཞང་ངོ་ཤེས་པར་མ་ཟད་ཆུང་དུས་མོ་ལ་ཡི་གེ་ཁྲིད་མྱོང་ཞེས་བཤད་བཞིན་སྐད་འཕྲིན་ལས་ཁོ་གཉིས་འདྲིས་ཚུལ་གོམས་ཚུལ་སོགས་འགྲེལ་བཤད་བྱས་པས།ད་གཟོད་མོས“ཁྱིམ་མི་བདེ་མོ་ཡིན” ཞེས་ལན་བཏབ་ཅིང་ཅུང་འཚར་སྣང་སྐྱེས་པ་འདྲ། ད་དུང་ཁོས་ངེད་གསུམ་ལ་དཔེ་ཆ་སྒྲིག་རོགས་བྱེད་དགོས་ལབ་པས་ང་ཚོས་ཀྱང་དེ་ལྟར་སྐར་མ་ཉི་ཤུ་ལ་ཙམ་ལ་ལས་ཀ་བསྒྲུབས།འགྲོ་གྲབས་བྱེད་དུས་ངེད་གསུམ་པོར《གཏམ་པདྨའི་ཚལ་གྱི་ཟློས་གར》ཞེས་པའི་དཔེ་ཆ་རེ་རེ་བྱིན།ཕྱི་དྲོའི་དུས་ཚོད་གསུམ་ཙམ་ལ་སླེབས་པས་ཐོག་མར་ཁྱིམ་དུ་ལོག་པ་དང་དེ་ནས་སློབ་གྲྭར་ལོག
ཐེངས་འདིའི་གཟའ་སྤེན་པ་ནི་ང་རང་ཆེས་དགའ་བའི་ཉིན་མོ་དེ་ཡིན་ལ། རང་གི་གྲོགས་མོ་གཉིས་ཀྱང་སྤྲོ་བས་བཟི་ནས་གདོང་ལ་འཛུམ་གྱིས་ཁེངས་པས་ངལ་དུབ་སངས་པ་འདྲ། གྲོགས་མོ་གངས་སྐྱིད་ཀྱིས་ཉིན་དེར“ཚུར་ལྟོས། ཚུར་ལྟོས། …”ཞེས་དགོད་དྲགས་པས་རྒྱུ་མའང་གཟེར་ཟེར།ཡེ་ཤེས་སྒྲོལ་དཀར་ནི་དེ་བས་ཀྱང་དགོད་བྲོ་སྟེ་ལམ་རིང་མོར་བཟའ་རྒྱུ་བཏུང་རྒྱུ་ཅི་རིགས་བསྟེན་བཞིན“གཟུགས་རིང་སོང”ཞེས་བཤད། མོས་ནམ་རྒྱུན“གཟུགས་རིང་སོང་ཞེས་པ་ལས་ཤ་གསོག་འདུག”ཅེས་བཤད་འདོད་མེད།
སློབ་གྲྭར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་དུ་ངོ་མདོག་ཅུང་ཟད་དམར་ལ་སྐྲ་རིང་བ།ང་ཚོའི་སློབ་གྲྭའི་སློབ་གོས་གྱོན་པའི་བུ་མོ་ཞིག་འདུག་པས་ང་ཚོ་དེའི་འགྲམ་དུ་བསྡད།ཅུང་མ་འགོར་བར་གངས་སྐྱིད་ངེད་གཉིས་ཀྱིས་ཕར་བལྟས་ན།ཡེ་ཤེས་སྒྲོལ་དཀར་གྱིས་བུ་མོ་དེར་བསྙེས་ནས་གཉིད་འདུག།རླངས་འཁོར་ལས་མར་འབབ་སྐབས་ངེད་གཉིས་ཀྱིས“བུ་མོ་དེ་སུ་རེད”ཅེས་དྲིས་པ་ན།མོ་ངོ་ཚ་བའི་ངང་ནས་ངོ་མི་ཤེས་ལ་ཤེས་མེད་ཚོར་མེད་དུ་གཉིད་སོང་ཞེས་ཟེར།དེ་ནས་ངེད་གསུམ་པོ་དགོད་ཞོར་ཀུ་རེ་སྣ་ཚོགས་ལབ།
སློབ་གྲྭར་སླེབས་རྗེས།ངས་མིག་བཙུམས་ནས་དེ་རིང་གི་ཉིན་མོར་ཕྱིར་འདང་རེ་བརྒྱབ་ན་དགའ་བ་དང་སྤྲོ་བས་བརྟས་ཤིང་དོན་དང་ལྡན་པར་རང་དབང་མེད་པར་ཁོང་དགོད་ཅིག་ཤོར། ངས་ད་གཟོད་རང་ལའང་འདི་འདྲའི་ཉི་མ་ཞིག་དང་འཚོ་བ་རོལ་འདོད་ཀྱི་སྤྲོ་སེམས་ཤིག་ཡོད་པ་གཞི་ནས་ཚོར། ཚོར་བ་དེ་ནི་ནམ་ལངས་པ་དང་ནད་ལས་ཐར་བ་ལྟ་བུའོ།།
མི་ཚེ་ནི་རིང་པོར་སྣང་ལ།།དུས་ཚོད་ནི་ཐུང་ཐུང་ཞིག་ཡིན།།
བདེ་སྐྱིད་ནི་སྙིང་སྟོབས་ཤིག་དང་།།སྤྲོ་བ་ནི་སྨན་མཆོག་ཅིག་གོ།
དུས་ཚོད་དང་སྤྲོ་བར་གཅེས་དང་།། ཡོན་ཏན་སོགས་དོན་དང་ལྡན་ཡོང་།།
རྩོམ་གསར། 10