རྩེད་མཚར་སྐད་ཆ་ཞིག་གི་མཇུག་འབྲས་དང་འཚོ་བ་ལ་གདོང་གཏད་པ།

སྒ་ངག་ཆོས།        2022-03-28

རྩེད་མཚར་ལ་ཞུས་པའི་སྐད་ཆ་ཞིག་དངོས་སུ་ལག་ལེན་ལ་སྦྱར་དགོས་བྱུང་དུས། འགྱོད་པ་དང་སྐྱོ་བ་འདྲེས་པའི་སེམས་ཚོར་ལྷག་མ་རེ་ཁུར་ནས། བཙན་གྱིས་རྣམ་པ་གཞན་ཞིག་ལ་གདོང་གཏད། ལམ་ག་དེ་རུ་ངས་མཐོང་འདོད་པའི་འཚོ་བ་དེ་མེད་ཤས་ཆེ་བྱུང་ཡང་། བློས་གཏོང་དང་གདོང་གཏད་ཅེས་པའི་སྐད་ཆ་དེ་ཡང་གནད་འགག་འདི་འདྲ་ལ་སྦྱར་རྒྱུ་ཡིན་པ་འདྲ་བས། མི་འདོད་གྲོགས་སུ་བསྒྱུར་བའི་ཐབས་ཤེས་དེ་བཙན་གྱིས་བཙལ་བ་བྱའོ།།

སེམས་ཀྱི་གུར་ཁང་ལ་ཉི་ཟླ་བཞིན་དུ་བཀྱགས་པའི་མི་སྣ་འགའ་རེ། ཡང་ན་རེ་སྒུག་གིས་འདུན་མས་ཡུན་རིང་ལ་བཙལ་བའི་འཚོ་བ་འགའ་རེ། བྱ་བའི་རྣམ་པ་འགའ་རེ། སྐད་ཅིག་མའི་སེམས་ཚོར་ནད་པ་རེ་ཡིས་དབང་ལ་གྱུར་ནས་མཇུག་འབྲས་གཞན་ཞིག་ལ་ཁ་ཕྱོགས་དུས། ཁྲམ་པ་ཞེས་པའི་ཐ་སྙད་སྦྱར་ས་དེ་དང་། འགན་མ་ཁུར་བའི་བྱ་བ་ཟེར་བ་དེ་ཚོ་འགའ་ཞིག་གཉའ་ལྟག་ལ་སྒྲོག་པའི་ཁུར་པོ་རུ་གྱུར་བྱུང་ལ། རང་གིས་རང་ཉིད་ལའང་དེ་ལྟར་ཁས་ལེན་དུ་བཅུག་དགོས་བྱུང་།

མཇུག་འབྲས་དང་རྣམ་པ་གསལ་པོ་མཐོང་ཞིང་། རང་ཉིད་དེའི་ལམ་ཁ་ལ་འཁོས་ཀ་དང་ཁ་སྟོབས་ཅི་ཡང་མེད་པ་ཚོར་ཡང་། ངང་གིས་དེ་ལ་ཤོར་འགྲོ་བའི་ཚུལ་འདིས་ང་ལ་སེམས་ཅན་འཁོར་བ་ལ་འཁོར་འགྲོ་བའི་གནས་ལུགས་དང་། ཐར་བ་ལ་ནན་གྱིས་བསྐུལ་དགོས་པ་ཞིང་ངན་སོང་ལ་ངང་གིས་ལྷུང་འགྲོ་བའི་སྐད་ཆ་དེ་ཡང་བསྐྱར་དྲན་དུ་བཅུག། ཞེ་སྡང་སྐད་ཅིག་མས་བརླག་པའི་མི་ཚེ་དང་འདོད་ཆགས་སྐད་ཅིག་མས་བརླག་པའི་མི་ཚེ་རེ་རེས་རྣམ་པ་གཞན་ཞིག་མི་འདོད་བཞིན་དུ་དང་ལེན་བྱ་དགོས་ཐུག་པའི་ལུས་དང་སེམས་ལ་ལྷུང་བའི་གནར་གཅོད་དག་ནི་ཅི་འདྲའི་ཤ་ཚ་མོ་ཞིག།

འདུ་ཤེས་ཀྱིས་སྲུང་ཡང་ར་བ་ལས་འདའ་འགྲོ་བའི་སེམས་ཚོར་ཁ་ཤས་ཀྱིས། ཕ་མའི་ངག་ལ་མི་ཉན་པའི་བྱིས་པ་ཕྲ་ཚགས་འགའ་རེ་ནང་བཞིན་གཏོར་བརླག་ཚབ་ཆེན་བཟོ་འོང་དུས། ཉམས་མྱོང་དང་སྦྱངས་སྟོབས་ཀྱིས་བསགས་པའི་ཤེས་རབ་ཀྱིས་ཀྱང་བྱ་བའི་རྣམ་པར་དེར་གདོང་གཏོད་ཐབས་བྱ་དགོས་ཐུག་དུས་ཡོད་ཅིང་། ཕངས་སེམས་ཆེན་པོས་ཡུན་རིང་ལ་རེ་བའི་བྱ་བ་དང་འཚོ་བའི་རྣམ་པ་ལ་བློས་གཏོང་གི་སེམས་སྦྱོང་བྱ་དགོས་བྱུང་དུས་ཀྱང་འདུག་པས། འགྲེལ་བརྗོད་དཀའ་བའི་སེམས་ཚོར་རེ་རེས་རྒྱལ་པོ་དང་དཔུང་དམག་ནང་བཞིན་འུ་ཚོའི་ལུས་ངག་ལ་དབང་བསྒྱུར་དང་བཙན་འཛུལ་གྱི་རྣམ་པ་འདི་ལས་འུ་ཚོས་ནམ་ཡང་གཉོམ་ཁུར་དགོས་བྱུང་བཞིན་ཡོད།

གནས་བབས་རེ་རེའི་ངོས་ལ་ཐིམ་པའི་གནས་ཚུལ་ཡང་ཐ་དད་ཡིན་པས། སྦོམ་བཤད་ཀྱིས་སྤྱི་ཁྱོན་ལ་རྒྱ་གཅིག་འདེབས་པའི་སྐད་ཆ་དེ་དག་ད་དུང་ང་དང་ཁ་ཐག་རིང་པོ་ལ་འདུག། མ་མཐའ་ངའི་འཚོ་བའི་མེ་ཏོག་དང་ཁ་ཐབས་ཤིན་ཏུ་རིང་བས། ཅི་ཡང་ཤེས་པ་དང་ཅི་ཡང་འཇོན་པ་སྙམ་པའི་ང་རྒྱལ་གྱི་ཁྱེར་གཤིས་དེ་དོར་ནས། དམའ་ས་ཕྲ་ས་ནས་རང་ཉིད་ཀྱི་སེམས་ཚོར་རེ་རེས་བརྫིས་ཉེན་བྱས་པའི་འཚོ་བ་ལ་གདོང་པ་གཏད་སྟངས་ལ་བསམ་གཞིག་བྱ་སྙིང་སྐྱེ།

འདྲིས་ནས་སེམས་ལ་ཟུག་པའི་བརྩེ་བའི་འདབ་མ་རེ་རེ་རང་དང་ཁ་གྱེས་དོགས་ཀྱིས། ཡུན་རིང་ལ་འབད་པས་འཐག་པའི་རྒྱ་དང་ཇུས་ཀྱིས་བཀོད་པ་དུས་ཚོད་ཀྱི་གསེར་སྐུད་དང་ངལ་བའི་རྔུལ་ཆུ་ཡིས་བཞེངས་གྲུབ་རྗེས། སྐད་ཅིག་མའི་རྣམ་རྟོག་རེ་རེས་ཚོད་མ་ཟིན་པ་རྒྱ་དང་ཇུས་ཀྱི་བཀོད་པ་དེ་དག་འཐོར་ཞིག་ལ་སོང་དུས། དྲེད་མོང་འཕྱི་བ་བརྐོ་བའི་གཏམ་རྒྱུད་ཀྱི་རྣམ་ཐར་ང་ཚོས་ཀྱང་བསྲུང་དགོས་ཤིང་དེ་ལ་གདོང་གཏད་དགོས་པའི་དུས་ཀྱང་སླེབས་འོང་།



  • ལེ་ཚན་སྔོན་མ།:ཨ་མའི་ལག་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།