སློབ་གྲོགས་དགའ་བ།

འབར་ཡོན་ཏན།        2022-03-18

ང་ཚོ་འགྲོ་བ་མིའི་རིགས་ནི་ཨ་མ་ལས་མ་སྐྱེས་པ་དང་ཕ་མ་མེད་མཁན་གཅིག་ཀྱང་མེད། འོན་ཀྱང་སྐྱེས་པ་ནས་ཕ་མ་མཐོང་བ་དང་གཞོན་དུས་དང་རྒན་དུས་ཀྱི་སྐབས་སུའང་ཕ་མ་གཉིས་པོ་འཇིག་རྟེན་དང་བྲལ་སོང་བ་ནི་ཉུང་ཉུང་མིན་ལ་དེ་ནི་ཆོས་ཉིད་ཅིག་སྟེ། དྭ་ཕྲུག་ཏུ་གྱུར་བའི་མི་ཞིག་ལ་མཚོན་ན་དྲན་གདུང་གིས་བཙིར་བའི་ལོ་ཟླ།ཁེར་རྐྱང་དང་མགོན་སྐྱབས་མེད་པའི་སེམས་ཁམས་སུ་ཞིག་གིས་རྟོགས་སྲིད་དམ། དེ་ནི་ང་དང་མཚུངས་པའི་སྐྱེ་འགྲོ་དག་གིས་རྟོགས་མྱོང་མེད་ལ། མཐའ་ན་བསམ་གཞིག་གི་མགོ་བོ་ཙམ་ཡང་འཁོར་མྱོང་མེད་པ་ཤ་སྟག་ཡིན། ཁྱོད་ཚོས་རི་དྭགས་རྨས་མ་དང་འདྲ་བའི་དྭ་ཕྲུག་ཅིག་ལ་ཆེས་དགོས་མཁོ་ཆེ་བ་གང་ཡིན་བསམ་བློ་བཏང་མྱོང་ངམ།

ལོ་འགའི་སྔོན་ལ་སློབ་གྲོགས་དགའ་བ་ངེད་གཉིས་རྨ་འགྲམ་གྱི་ཟ་ཁང་ཞིག་སྟེ་ཨ་མའི་ལག་ཟས་ཞེས་པའི་གསོལ་སྟོན་ཁང་དུ་སོང་བ་ཡིན། ངེད་གཉིས་ཀྱིས་ཤ་ཁུ་དང་བག་ལེབ་འགའ་རེ་བཟས་རྗེས་ངས་ཁོ་ལ་ཟ་ཁང་འདིའི་སྒོ་བྱང་དུ་ཨ་མའི་ལག་ཟས་ཞེས་བཏགས་ཡོད་ཀྱང་ངའི་ཨ་མ་དྲིན་མོའི་ལག་ཟས་ལ་གཏན་ནས་བསྡུར་ཐབས་མི་འདུག། ཁྱོད་ཀྱི་ཨ་མའི་ལག་ཟས་དང་བསྡུར་ཐུབ་ཨེ་འདུག་ཅེས་དྲིས་ཀྱང་། ཁོས་ང་ལ་གོ་ཡང་མ་གོ་བའི་ཚུལ་གྱིས་ལན་ཅི་ཡང་སྟེར་མ་བྱུང་། སྐབས་ཐོག་དེར་ངས་དགའ་བའི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་འཚོ་བའི་རྒྱབ་ལྗོངས་ཅི་འདྲ་ཡིན་པ་གཏན་ནས་མི་ཤེས་ལ་ཁོས་ཀྱང་ངའི་འཚོ་བའི་རྒྱབ་ལྗོངས་སོགས་ཇི་ལྟ་ཡིན་པ་ཤེས་ཀྱིན་མེད། དེ་བས་ངས་ཁོ་ལ་ང་ནི་ཕ་འཛོམས་མ་འཛོམས་ཀྱི་གཅེས་ཕྲུག་ཅིག་ཡིན་ཞིང་ངེད་ཚང་ནི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡིན་ཞེས་ལབ་སྟེ། ཁོ་ལ་ཨུ་ཚུགས་ཀྱི་སྒོ་ནས་ཁོའི་ཁྱིམ་ཚང་གི་སྐོར་ནས་ཁ་བརྡ་བཤད་དུ་བཅུག་པ་ཡིན། ཁོས་བཤད་འདོད་མེད་པའི་རྣམ་འགྱུར་ཞིག་བསྟན་ཞིང་དབུགས་རིང་ཞིག་འཐེན་ཞོར“ང་ནི་ལས་ངན་ནང་གི་ལས་ངན་ཞིག་ཡིན། ཨ་མ་དྲིན་མོ་ལོ་དུ་མ་ཞིག་གི་སྔོན་དུ་ཚེ་ལས་འདས་ཤིང་། རྗེས་སུ་ང་ལ་དྲོད་ཁོལ་སྟེར་མཁན་དང་ཆགས་ས་རྟེན་ས་ཞིག་ཡོད་པ་ནི་ཕ་ལོ་དྲིན་ཆེན་ཡིན། འོན་ཀྱང་སྐྱེ་འཆི་ལ་ཟློག་ཐབས་བྲལ་བས་ཨ་ཕ་ལའང་ནད་ལྕི་མོ་ཞིག་བྱུང་སྟེ་གཞེས་ནིང་ཚེ་ལས་འདས་སོང”ཞེས་མིག་མཐའ་རབ་རིབ་ཏུ་གྱུར་པ་ན། ངའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་དང་སེམས་པ་རས་ཡུག་སྐྱོད་སྐྱོད་བྱས་ཏེ་སྔར་མི་འདོད་བཞིན་དུ་ཨུ་ཚུགས་བརྒྱབ་པའི་དྲི་བ་དང་སྐད་ཆ་རེ་རེ་མིག་དང་རྣ་བའི་གྲུ་ཟུར་ནས་ཡང་ཡང་རྒྱུ་འོང་། འོན་ཀྱང་ངས་རང་ཉིད་ལ་ལེ་བདའ་དང་འགྱོད་པས་གདུང་བ་ལས་ཐབས་བཀོད་ཡེ་ནས་བྲལ། དུས་དེ་ནས་བཟུང་ངས་ཁོའི་འགྲམ་ནས་ཁྱིམ་ཚང་གི་སྐོར་གླེང་མི་ཕོད་ལ་གླེང་འདོད་ཀྱང་མེད།མ་ཟད་ཨ་མའི་ལག་ཟས་ཞེས་པའི་གསོལ་སྟོན་ཁང་དེའང་བརྗེད་པ་མེད་པའི་འདས་དོན་ཞིག་ཏུ་གྱུར།

ཉིན་དེ་ནས་བཟུང་སློབ་གྲོགས་དགའ་བ་ནི་ངའི་འཇིག་རྟེན་སྟེང་གི་གྲོགས་པོ་བཟང་པོའི་གྲས་སུ་གྱུར་ཡོད། རྒྱུ་མཚན་ཕ་མ་དང་ཉེ་དུ་མེད་པའི་མི་ཞིག་ལ་དགོས་པ་ནི་ཉལ་ས་དྲོན་པོའི་དྲོད་ཁོལ་དང་ཁ་ཡག་ཚིག་གི་དྲོད་ཁོལ་དེ་མ་ཡིན་པར་སེམས་པ་བརླན་སའི་སྙིང་གྲོགས་དང་། ནམ་ཡང་ཕ་མ་དང་གཉེན་ཉེའི་ཚབ་བྱེད་ནུས་པའི་གྲོགས་པོ་བཟང་པོ་ཞིག་ཡོད་འདོད་པ་དེ་ཡིན། འོན་ཀྱང་ངས་ཕ་མ་ཞིག་གི་ཚབ་བྱེད་ནུས་དཀའ་ཡང་གཉེན་ཉེ་དང་གྲོགས་པོ་ཞིག་ཏན་ཏན་བྱེད་ནུས་པས། ངས་སློབ་གྲོགས་དགའ་བ་གྲོགས་པོ་བཟང་པོའམ་གཉེན་ཉེ་ཞིག་ཏུ་ངོས་བཟུང་ཡོད།


  • ལེ་ཚན་སྔོན་མ།:ཉམས་དགའ་བའི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།