ཀ་རྩོམ་བརྩེ་བའི་འོ་ཆུ་འདྲེས་མ།

ཀུན་མཁྱེན་གྲགས་པ།        2022-03-18

ཀ་དག་སེམས་ཀྱི་ངོས་ནས།།

ཁ་བའི་འདབ་མ་ཉིལ་ལེ།།

ག་ལེར་ཉི་མ་ཤར་བས།།

ང་ཡི་ཡ་ཆུང་བརླན་སོང་།།

ཅ་ནེ་འོ་ཇའི་སྟབས་ཀ།

ཆ་མེད་མི་ལ་བླུགས་ན།།

ཇ་ཡི་རོ་བཅུད་ཞིམ་པོ།།

ཉ་མོ་ཆུ་ལ་འདྲེས་སམ།།

ཏ་ལེན་ཨམ་ཕྲག་ནང་ལ།།

ཐ་ཆད་སྨོན་ལམ་ཤོང་ངམ།།

ད་དགོང་ཟླ་བ་གཡོར་དང་།།

ན་ཆུའི་ནང་དུ་བཙལ་ཆོག།

པ་ཏྲ་ཨ་ཀྱོག་པ་ཀྱོག།

ཕ་གི་ལམ་ཕྲན་འདྲ་ལེ།།

བ་རྫི་ཡིན་པར་བསམས་ན།།

མ་གི་ལས་འཕྲོ་མིན་ནམ།།

ཙ་གེ་ཙི་གེ་ཟེར་ནས།།

ཚ་རུའི་སྟོད་གོས་བརྐུས་འགྲོ།།

ཛ་དྲག་ཅི་འདྲ་ཆེ་ཡང་།

ཝ་མོའི་གཡོ་སྒྱུ་མི་སྲིད།།

ཞ་འབྲིང་ཡིན་པའི་ཚུལ་གྱིས།།

ཟ་གོས་དང་དུ་བླངས་ན།།

འ་ཡོ་བདག་མེད་ཅིག་ལ།།

ཡ་ངའི་ཚིག་མཚོན་མ་གཏོང་།།

ར་མ་པྲ་ཚགས་ཤིག་གིས།།

ལ་དང་ལུང་བ་བརྒལ་ནས།།

ཤ་བ་ཡུ་མོ་གཅིག་གིས།།

ས་ཆུ་འཕྲེད་ཀྱིས་བཅད་འགྲོ།

ཧ་ཅང་བབ་ཆགས་ངང་གི།།

ཨ་ལོང་དགུ་སྦྲེལ་ལྟ་བུའི།།

ཧ་ལམ་ཀློག་མཁན་མེད་པའི།།

ཀ་རྩོམ་བརྩེ་ཆུ་འདྲེས་མ།།



  • ལེ་ཚན་སྔོན་མ།:རི་འདབས་ཀྱི་སྨུག་པ།
  • ལེ་ཚན་རྗེས་མ།:བོད་ཡིག་དགེ་རྒན།