རི་འདབས་ཀྱི་སྨུག་པ།

དབང་དྲག་སྐྱབས།        2022-03-16

རི་འདབས་འཁྲིགས་པའི་སྨུག་པ་ལ་ལོང་དེ། །

གློ་བུར་རླུང་གིས་གཏོར་ནས་ཚ་གདུང་ཚེས། །

ནགས་ཀྱི་ཡུ་མོ་སེམས་པ་འཁྱག་གིས་བཟུང་། །

ཉིན་མཚན་མེད་པར་སེམས་ནང་ཁ་བ་འབབ། །

སེམས་སུ་བབས་པའི་ཁ་བ་རབ་ཏུ་འཁྱགས། །

སྒེའུ་ཁུང་ཕྱེས་ནས་རྒྱང་རིང་ཡིད་ལ་སྒོམ། །

བུམ་ནང་མེ་ཏོག་འདར་ཙམ་འདར་ཙམ་བྱས། །

ཚེ་སྲོག་འགག་པའི་སྒྲ་དབྱངས་རྣ་བར་ཐོས། །

ཚེ་ཡི་སྐུད་པ་ཤིན་ཏུ་ཉག་ཕྲ་བས། །

གློ་བུར་མི་རྟག་སླེབས་པས་ཡིད་སེམས་གྲང་། །

ཞི་བའི་ཏིང་འཛིན་སྒོམ་པའི་ནགས་ཁྲོད་དུ། །

སེམས་ཀྱི་མེ་ཆེན་བསད་པར་མ་ནུས་པས། །

འཇིགས་རུང་ཆོས་བརྒྱད་གཡང་སའི་འོབས་དོང་དུ། །

མིག་ཟུང་བསྒྲིབས་ནས་མགོ་བོ་འཁོར་བའི་ཚེ། །

རྙེད་དཀའི་དལ་རྟེན་ཐོབ་པ་སྙིང་པོ་དབེན། །

བདག་གི་མིག་ཟུང་བཙུམ་ཐེངས་རེ་རེ་ལ། །

ཁྱོད་ཉིད་སླེབས་འོང་སྙམ་པའི་འདུན་པ་སྐྱེས། །

སྐྱེ་འཆིའི་བར་གྱི་བདེ་བ་ཁོ་ན་ཡིས། །

ལོ་ཟླའི་འཁོར་སྐྱོད་སྐར་མདའ་བཞིན་དུ་མགྱོགས། །

བདག་གི་ངག་ནས་བཞུར་བའི་ཚིག་རྩུབ་ཀྱིས། །

མི་སེམས་སྙི་མོ་གས་མ་བརྒྱ་རུ་གཏོར། །

ཁྱོད་ཀྱིས་བཞག་པའིགཏམ་རྒྱུད་མངར་མོ་དེ། །

མེ་ལ་བསྲེགས་རྗེས་སེམས་པ་གློང་གློང་གྱུར། །

ཉིན་མོར་སྐྱོ་གདུང་བར་སྣང་ཆར་པས་བཀྲུས། །

མཚན་མོར་ཡི་མུག་དགུང་གི་སྐར་ཚོགས་བཤད། །

ལུང་གསུམ་མདོ་ནས་སྨྲེང་བ་རླུང་ལ་བསྐུར། །

ཡིད་སེམས་ཨ་ཐང་ཆད་པ་སྒྱུ་མའི་གྲོང་། །

བསིལ་ཁང་ལྡན་པའི་འདབ་དྲུག་སྤྱི་གླིང་དུ། །

བདག་གིས་ཁོ་ཧྥེ་ཕོར་གང་ཧུབ་ཀྱིས་འཐུང་། །

མིག་ཟུང་གཉིས་ནས་འདས་པའི་རྦབ་རྡོ་ཉིལ། །

མཐོང་སྣང་ཞིག་ལ་འཇིག་རྟེན་འཁྱག་པར་གྱུར། །

ཇི་ལྟར་བྱས་ཀྱང་ད་ངོགས་འཚོ་བ་ནས། །

འུ་ཅག་མཉམ་དུ་བསྲེས་ཐབས་མ་བྱུང་ངོ་། །

ཁྱོད་རང་དབྱར་གྱི་འཇའ་ཚོན་དེད་པ་ལྟར། །

ཕར་ཕར་བཀྱེད་ནས་ལག་པས་ཟིན་མ་བྱུང་། །

འདི་ནས་ངོ་ལོ་ལྔ་བརྒྱ་འགོར་རྗེས་སུ། །

ནགས་སུ་ལུས་པའི་ཁྱོད་རང་གང་དུ་ཡོད། །

ཕྱེ་ལེབ་ཇི་བཞིན་འཁོར་བའི་བུམ་ནང་དུ། །

སྟོང་འཁོར་བརྒྱབ་ནས་རྒྱུག་གིན་ཨེ་ཡོད་དམ། །

འདུ་འབྲལ་གློག་གི་རླུང་ཆེན་གཡུགས་ན་ཡང་། །

ཁྱོད་རང་མི་འགྱུར་ཐང་གི་རྡོ་བ་བཞིན། །

འཇིགས་པ་མེད་པར་དལ་མོར་རུ་འདབས་སུ། །

རྩེ་གཅིག་ལས་ཀྱི་ལམ་ཁར་བསྙེག་ཐུབ་ཤོག །


  • ལེ་ཚན་སྔོན་མ།:དུས་ཀྱི་རང་མདངས་སྟོན་པའི་སྣང་བརྙན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།