མཆོང་རི་སྨུག་པོར་འཐིབས་པའི་སྨུག་པ།

གཞི་ཚང་ཟླ་བ་གྲགས་པ།        2022-03-14

ཐོག་མཐའ་སྐྱེ་འཆི་བྲལ་བ་ནམ་མཁའི་ངོས།།

སྤྲིན་དང་ཁུག་སྣ་འཐིབ་པ་གཤིས་སུ་སྣང་།།

མཐོན་པོའི་རྫ་སྒང་བདག་གི་མཐོངས་ཡངས་མོར།།

སྨུག་སྤྲིན་གཏན་འཇགས་གནས་འདི་ཅི་ཡིས་ལན།།

གནམ་ངོ་སྨུག་ཚེ་རི་བོ་བཤུམ་པར་གྱུར།།

གངས་ཆར་འབབ་ཚེ་ཡིད་ཅན་གདུངས་ནས་འགྲོ།།

འདི་དག་འབྱུང་པོ་བགེགས་ཀྱིས་བྱས་གྱུར་ན།།

ཞུ་གསོལ་བཟློག་པའི་རིམ་གྲོ་མཆིས་པ་ལགས།།

འཁོར་བའི་གཡང་རོང་ལྷུང་བའི་བཙོན་མ་ལ།།

བསགས་པའི་ལས་ཀྱིས་ལན་ཆགས་སྙོག་པ་དང་།།

སྔ་ཕྱི་རྟེན་འབྱུང་གཤིས་ཀྱིས་གྲུབ་པ་གང་།།

བསྒྱུར་དུ་མི་བཏུབ་ལུས་ངག་ཡིད་ཀྱང་རྡུགས།།

བདག་ནི་རབ་ཏུ་སྐྱོ་བའི་ཉམས་དང་བཅས།།

གཙང་པོ་བཞུར་བའི་སྨྲེང་གླུ་ཐོས་པའི་དུས།།

མཁའ་ངོགས་སྤྲིན་པ་གཏིང་ནས་གདུང་བ་སྟེ།།

ཆར་ཟིམ་དག་ནི་མིག་ཆུ་བསིལ་མར་མཚུངས།།

རྩྭ་དང་རྩི་ཤིང་མཆི་མ་ཧུབ་ཀྱིས་འཐུང་།།

ཉི་འོད་འཚེར་བར་ལྡེམ་ལྡེམ་གཡབ་མོ་བྱེད།།

ལྗོན་གསེབ་བྱེའུ་ཆུང་བློ་ཐག་ཆད་པའི་ངང་།།

སྐད་ངག་འབྱིན་ཞོར་སྨུག་ཆར་དྭངས་པར་རེ།།

སྤྱིལ་བུའི་བྱ་འདབ་ལྷུང་བའི་ཆུ་ཐིགས་འགའ།།

རྩྭ་ལྡུམ་འོག་ནས་དལ་བུར་བཞུར་བའི་དུས།།

གྲོག་མ་འབུ་སྲིན་མང་དག་སེམས་ཤུགས་ཉམས།།

ཚེ་རབས་ཕྱི་མར་འགྲོ་བའི་གཏམ་རྒྱུད་ཟློ།།

ཆར་གྱིས་བྲན་པའི་དར་ལྕོག་ནང་བཞིན་དུ།།

གྲག་འགུལ་མེད་པར་བདག་ནི་འཕྱང་མོ་ཉུག།

མིག་ཆུ་ཤུགས་རིང་སྦྲགས་མའི་ཁ་རླངས་ནི།།

སྨུག་སྤྲིན་ག་དར་བགྱིད་པའི་རྒྱུ་རུ་བསྒོམས།།

ཚེ་ཡི་ཉི་གཞོན་ནུབ་རིར་མ་གཟིམ་གོང་།།

མངོན་མཐོའི་ལས་ཀྱིས་གཉེར་བའི་བསིལ་རླུང་གིས།།

བྱང་ཁོག་འཚངས་པའི་རྡུལ་དག་སྤུར་ནས་ཀྱང་།།

སེམས་ཀྱི་ནམ་མཁའི་ཞལ་རས་མཐོང་ངམ་ཅི།།

  • ལེ་ཚན་སྔོན་མ།:ཁྱོད་ལ་བསྐུར་བའི་འཕྲིན་མཆིད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།