དབྱངས་ཀྱི་ལྡིང་ཁང་ལ་སྦྱར་བའི་ཞུ་མཆིད།

ཇེང་།        2022-03-11

མཛེས་ལང་ཚོའི་ཨུཏྤལ་ལྡེམ་ལྡེམ་གཡོ། །

སེམས་རྩེད་འཇོའི་ཡིད་ཀྱི་གླུ་གར་བྱེད། །

མིག་ཁྲ་ཆུང་ཟུར་མདའ་ཚུར་འཁོར་རེད། །

འདི་འཇིག་རྟེན་འཁོར་བའི་ཆོས་ཉིད་རེད། །

དྲན་མཆི་མ་མིག་གི་མཐའ་རུ་ལྷུང་། །

མིག་ལྷེམ་མེར་འགུལ་བཞིན་རྒྱང་ལ་ཕྱོགས། །

དགུང་མཚམས་སྤྲིན་བར་གྱི་ཁུགས་སོ་ན། །

སེམས་གཡོ་མེད་གཏན་འདུན་ངང་གིས་གྲུབ། །

འདི་དྲོད་ཁོལ་མཆེད་པའི་ཉི་ཟེར་ཡིན། །

འདི་གསང་བ་གསེར་གྱི་སྒམ་ཆུང་ཡིན། །

དགུང་སྐར་མའི་ཚོགས་དྲུག་ཞལ་གྱི་ཐང་། །

ལུས་ལྷུ་དྲུག་པད་མའི་སྡོང་པོ་ལ། །

ཞལ་བཞིན་རས་མཚན་དཔེའི་རི་མོ་ཅན། །

ཡིད་འཕྲོག་པའི་གཞོན་ནུའི་གདངས་ཀྱི་ལྷ། །

ཞལ་འཛུམ་པའི་ངང་ཚུལ་ཞེ་ནས་དྲན། །

དབྱར་ཟླ་ཚེས་གསལ་བའི་མེ་ཏོག་དགོད། །

སྟོན་འབྲས་ལྗོངས་སྨིན་ཁ་གྲོལ་ལེར་བཞད། །

ཤ་རུས་པའི་གསེང་ལ་རྣམ་ཤེས་འཐིམས། །

ཞེ་ཡ་ཆུང་མིག་གིས་སྙིང་ཚིལ་སྒུལ། །

འདི་སྙིང་ལ་སིམ་པའི་ཚེ་ནོམ་ཡིན། །

འདི་དྲན་པ་དམར་པོའི་ཅང་ཤེས་ཡིན། །

ངག་མེ་ལོང་དག་པ་མགྲིན་པའི་གླུ། །

བྱ་ཁུ་བྱུག་སྔོན་མོའི་འགྱུར་ཁུགས་དེ། །

སྙན་ལྷང་ལྷང་དྲུག་འགྱུར་སྒྲ་ལ་དྲངས། །

ངས་སྙན་ཚིག་མེ་ཏོག་ཡང་ཡང་གཏོར། །

དབྱངས་སིལ་སིལ་རྣ་བའི་དཔྱིད་དུ་འཇོ། །

འདི་རིག་བྱེད་ངག་གི་དབྱངས་རྟ་ཡིན། །

འདི་སྤྲོས་པ་ཚིག་གི་མཐོང་གྲོལ་ཡིན། །

ཡིད་ཏིང་འཛིན་སྒོམ་པའི་མེ་ལོང་ངོར། །

སྤྱན་ཉི་ཟླ་ཟུང་གི་མཐོང་སྣང་མཛེས། །

ངས་ཡིད་འཛིན་ལྷ་མོ་གསོལ་བ་ལ། །

ངག་དངོས་གྲུབ་བྱིན་རླབས་ཞུགས་པར་མཛོད། །

ཡུལ་གངས་རིའི་འདབས་ཀྱི་འཛོམས་པ་སྟེ། །

ལས་སྐལ་བ་སྟོང་གི་དབུ་ཁྱུད་ཡིན། །

ལུས་ལང་ཚོ་སྒེག་པའི་ཆ་བྱད་ཅན། །

ནང་སེམས་པ་དྲི་མེད་མཛེས་པ་བཀྲ། །

ངའི་ཟུར་མིག་སེམས་ཀྱི་ཡིད་འཕྲོག་མ། །

འདང་ཞེ་བརྩེ་གཙང་མ་ཁྱོད་ལ་འབུལ། །



  • ལེ་ཚན་སྔོན་མ།:སློབ་ཕྲུག་ལ་ཕུལ་བའི་སྙིང་གཏམ།
  • ལེ་ཚན་རྗེས་མ།:མེ་ལོང་སྨེང་བ།