ས་སྲོད་ཀྱི་དྲན་པ།

ཨུག་ཆོས།        2022-03-07

སེམས་ཀྱི་སྣང་བ་རླབས་ཀྱིས་བསྒུལ་ཏེ་ཚོར་འདུའི་སྒོ་མོ་དལ་གྱིས་ཕྱེས།།

ནུབ་ཁའི་ཉི་མས་གནམ་མཐའི་མཚམས་ནས་འཆར་ཡན་སྟོང་གི་རུ་སྣ་འདྲེན།།

དུས་ཀྱི་རླུང་བུ་དལ་གྱིས་ལྡང་བཞིན་གསོན་པའི་དར་ལྕོག་ལྷབ་ལྷུབ་སྐྱོད།།

ཚེ་ཡི་ཨ་ལོང་འབྱུང་བཞིའི་དབྱིངས་སུ་སྨྲེང་བའི་སྨུག་པར་དལ་གྱིས་འཁྱུད།།

ང་ཡི་ནང་སེམས་མེ་ལོང་ངོས་ཀྱི་སྐྱོ་ཤས་འཁུར་བའི་རླངས་པ་ཡིན།།

རྟོག་པའི་རི་ཟོམ་ཉིན་ཞག་སྟོང་གི་ས་སྲོད་འདས་པའི་ཚེས་རིས་ཏེ།།

སྐྱེ་བའི་ཕྲེང་ཐག་ལྷོད་ཀྱིས་བརྒྱུས་ཏེ་འདི་སྣང་བཀོད་པ་རྒྱང་དུ་བསྲིངས།།

ལས་ཀྱི་རྒྱ་མཚོ་ཞི་འཇགས་རླབས་ཀྱིས་རི་རབ་གླིང་བཞིར་ཡང་ཡང་བསྐྱོམས།།

འཁྲུལ་སྣང་ཡིན་ནམ་རྨི་ལམ་འདྲ་བའི་བག་ཆགས་ཆུ་ཀླུང་བྲུག་པ་ན།།

སེམས་ཀྱི་རྩིབས་སུ་དྲན་པ་རྒྱུ་བའི་ཚིག་གི་ང་རོ་ལྟེམ་མེར་འཁྱིལ།།

སྟོན་སྤྲིན་ལང་ལོང་བསེར་བུས་བདས་ཤིང་ཡངས་པའི་ནམ་མཁའ་སྔོ་ཐིང་ཐིང་།།

བདག་གི་ཡིད་ངོར་ཚོན་གྱི་མདངས་བཞིན་འགྱུར་བ་སྣ་ལྔའི་ཁ་དོག་གྲུབ།།

བདེ་སྡུག་ཆུ་བོ་དལ་གྱིས་བཞུར་ཏེ་ལུས་ཀྱི་ཚོགས་དྲུག་རྒྱང་དུ་བྱེར།།

སྐྱོད་པའི་རླུང་བུ།

ས་སྲོད་མུན་པས་སྨག་གུར་བཟུང་རྗེས་ཡིད་ཀྱི་རླུང་བུ་བསིལ་བསིལ་ལྡང་།།

སེམས་འགྱུར་ཆུ་བོ་དལ་གྱིས་སྐྱོམ་ཚེ་ལས་ཀྱི་མིག་ཟུང་ཧྲིག་ཧྲིག་ཅེར།།

སྤྲིན་པ་དུམ་བུས་ཆར་ཆུ་འཁུར་ཅིང་སེམས་ཀྱི་གཙང་བོ་ལྷོད་ཀྱིས་བྲུག།

འཚུབ་པའི་བུ་ཡུག་རབ་ཏུ་གཡོ་ཞིང་ཤེས་པའི་འོད་གོར་འདར་བར་བྱས།།

མནོག་ཆུང་སེམས་པ་གཡང་ལ་འགྲིལ་དུས་ཞེན་ཆགས་འཛིན་པ་སྔོན་དུ་སྤོ།།

བྱུར་མིག་གཉོམ་པོའི་དབང་རྩ་ཉམས་དུས་འདོད་སྲེད་བུ་མོས་སྐྱོབ་པ་འཛིན།།

དུས་ཀྱི་མེ་ཕུང་གཡོ་བས་རབ་སྲེག་ཏིང་འཛིན་སྲོག་གི་རྩ་ལག་འགུལ།།

མེར་མེར་འཁྱིལ་བའི་སྲོག་གི་མཆོད་ཀོང་གཡུག་པའི་རླུང་གིས་མ་གཡོ་དང་།།

བདག་ཀྱང་སྐྱོ་ངལ་རབ་ཏུ་བྲལ་བའི་འཁོར་བའི་ནམ་མཁར་གཡེང་བར་མོས།།

ཤིན་ཏུ་ཞི་བའི་འོད་ཀྱི་སྣང་བས་བདག་ཀྱང་འཚོ་ཞིང་གསོན་པར་ངེས།།

འཁོར་བའི་སྙིང་པོར་འདྲིས་ཤིང་འགྲོགས་ན་སྣང་སྟོང་འོད་ཀྱི་འཇའ་གུར་བཞིན།།

སྒྲིབ་ཉེས་ལྗོན་པའི་བསིལ་གྲིབ་དེའང་ལན་རེར་འཇམ་པའི་འོད་རླབས་ལྟར།།

ཟུངས་ཟད་སྲོག་གི་དབུགས་རྒྱུན་རེ་རེས་བློ་ལས་འགོང་པའི་གཟི་མདངས་འཚེར།།

འབྱུང་ལྔའི་ཁམས་ཀྱི་བེམ་པོའི་ཚོགས་དྲུག་སྨིན་པའི་མེ་ཏོག་ལྟར་གད་དུས།།

ཐོབ་ཤོར་མོད་པའི་ལས་ཀྱི་ས་རྡུལ་བྱེ་མའི་གྲངས་ཀྱི་གང་སར་དབོ།།

གཅེར་བུའི་སྒྱུ་ལུས་གང་སར་ཐིམ་ཞིང་སོལ་བའི་རི་རྩེར་འཛེག་ཀྱང་ངེས།།

ལྷོག་ལྷོག་གདུ་བའི་ཚོར་བའི་ཆུ་ཚན་སྣང་སྲིད་ནམ་མཁའི་ཡོ་ལང་བཞིན།།

ཤི་གསོན་གཉིས་ཀྱི་འགག་འཕྲང་རེ་ན་བདེ་སྡུག་སྟོང་གི་གར་སྟབས་སྒྱུར།།

  • ལེ་ཚན་སྔོན་མ།:ལྷིང་འཇགས་ཀྱི་ཕ་ཡུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།