མཐོ་སྒང་རིང་ཐང་ཉུལ་བའི་གླུ་རྩེད།

ཀརྨ་འཇིགས་མེད།        2022-02-25

གཡུ་ཡི་ཞུན་མས་ལན་མང་བྱུགས་འདྲའི་རབ་སྔོན་འཛིན་མའི་གདན་གྱི་སྟེང་ན་དཀར་གནག་ཕྱུགས་ཁྱུ་བག་ཡངས་རྒྱུ།།

འོ་ཞོ་མར་གྱི་གཤིན་ས་སྣུམ་པོ་རེ་སྡེ་སྦྲ་ཡི་མཐོངས་ཀའི་དུ་ཞགས་གནམ་སའི་བར་ནས་ལང་ལོང་འཕྱུར།།

ཐབ་ཀའི་གསོལ་ཇ་ལྷོག་ལྷོག་ཁོལ་བའི་ཕར་ཚུར་དེ་གའི་སྐྲ་དཀར་ཨ་མྱེས་གནའ་གཏམ་རིང་མོ་ལྷུག་ལྷུག་མོལ།།

བཅུད་ཆེན་ཟས་སྣ་སྡེར་ཁའི་འགྲམ་གྱི་བུ་རབས་ཚ་རྒྱུད་དགོད་སྒྲ་ལྷང་ལྷང་མཐིང་སྨུག་སྦྲ་ཡི་སྲུབ་ནས་གྲགས།།

མཐོ་སྒང་ཡུལ་གྲུའི་གཞོང་ཆེན་དེ་རུ་རྩིད་སྦྲ་རོག་རོག་གཞིས་སུ་བཀོལ་ཞིང་ཐུལ་དཀར་འབྲི་ཡི་རྡང་ཐག་འཐེན།།

རྟ་ཕོའི་འཚེར་སྐད་དཔའ་བོའི་ཀི་རིང་གངས་རིའི་ཕར་ཚུར་ལྡིར་ལྡིར་བསྒྲགས་པའི་བཙན་པོའི་རུ་ཡི་སྒར་ཆེན་བཏབས།།

འཚེ་མེད་ཞི་བའི་ཆོས་རིགས་འོད་དཀར་ཆོལ་གསུམ་རིགས་ཀྱི་བླ་རུ་བལྟམས་ནས་མི་ནུབ་སྲིད་མཐའི་བར་དུ་བརྟན།།

དྲན་པའི་འཆར་སྒོའི་གཤིས་སུ་བསྙལ་བའི་ཚོར་འདུ་རིང་མོ་རིག་བྱེད་ཚིག་གི་སྡེབ་ལ་སྦྱར་ཏེ་སྨྲ་བར་མོས།།

ཁ་བའི་འདབ་མས་ས་གཞི་གཡོགས་པའི་དགུན་གསུམ་ཟླ་བའི་རང་མདངས་ངོགས་སུ་གངས་ཀྱི་ལྷུན་པོ་ཀྲོང་ངེར་འགྱིང་།།

ཡན་ལག་བརྒྱད་ལྡན་དྭངས་བསིལ་ཆུ་མོ་འཁྱགས་རོམ་དར་གྱི་གཡང་ཤམ་འོག་ཏུ་ས་ཆེན་ཨ་མའི་པང་དུ་ཉལ།།

འབྲོག་ཁྱིམ་སྨུག་པོའི་ཐོད་དུ་སྒྲེང་བའི་ཡི་གེ་དྲུག་མའི་སྒོ་དར་ཁྲ་བོ་བསེར་རླུང་ཁ་རུ་ལྷབ་ལྷུབ་སྤུར།།

ཁྱིམ་ཕུགས་ལྷ་ཁྲིའི་སྟེགས་སུ་སྤར་བའི་མར་མེ་ཚེ་འབར་འོད་རླབས་འཁྲིས་སུ་གསོལ་འདེབས་སྙན་དབྱངས་ཀྱུ་རུ་རུ།།

རྩེ་མོ་མཐོ་ལ་རྩ་བ་བརྟན་པའི་རི་བོའི་མགུལ་གྱི་སྨུག་སྤྲིན་གསེབ་ནས་དངུལ་གྱི་སྦྲང་ཆར་ཟིམ་ཟིམ་འཇོ།།

བཞུར་ཁ་ལྷོད་ལ་འབབ་རྒྱུན་རིང་བའི་ཡོན་ཆབ་གཙང་བོའི་གཡས་ཟུར་གཡོན་འགྲམ་མེ་ཏོག་སྣ་བརྒྱའི་དྲི་བསུང་འཐུལ།།

ན་དམར་གོས་ཆེན་གདན་དུ་བཏིང་པའི་མུ་མེད་འབྲོག་ཐང་སྤྲིན་ནག་འཕྱུར་འདྲའི་འབྲི་གཡག་ནོར་གྱིས་ཡོངས་སུ་བཀང་།།

ཆུ་མིག་འུར་ཆ་ལག་ཏུ་འཛིན་པའི་ན་ཆུང་འབྲོག་མོའི་རྫི་གླུ་སྙན་མོས་རི་ལུང་ཐང་གསུམ་གཉིད་ལས་སློང་།།

ཚང་ཚིང་ལྗོན་པའི་ནགས་ཚལ་སྟུག་པོར་དགའ་བདེའི་དཔལ་ལ་ཅི་དགར་རོལ་བའི་རི་སྐྱེས་མ་བུའི་རྩེད་གར་འཁྲབ།།

གཡུ་ཡི་ལོ་མའི་རྣ་ཆ་བཏགས་ཤིང་དགུང་ལ་སྙེག་པའི་ཡལ་གའི་རྩེ་ཡི་བྱ་བྱེའུ་ཚོགས་ཀྱི་གྲེ་འགྱུར་སྒྲོག།

རྒྱང་ནས་བལྟས་ན་དར་དཀར་ཡུག་གཅིག་ཐུར་དུ་དཔྱངས་འདྲའི་ཤུགས་ཀྱིས་རྒྱུག་པའི་གཡང་སའི་དྲག་པོའི་རྦབ་ཆུ་སོགས།།

ལྟ་ན་སྡུག་པའི་རང་བྱུང་ཁམས་ཀྱི་ལེགས་ཚོགས་མ་ལུས་གཅིག་ཏུ་སྤུངས་པའི་ཨེ་མ་སྣོད་བཅུད་གན་ལ་བསྔགས།།

  • ལེ་ཚན་སྔོན་མ།:ཕ་ཡུལ་གླེང་ཞོར་ཕ་ཡུལ་དྲན་ཡོང་།
  • ལེ་ཚན་རྗེས་མ།:ཚངས་མགུར་རྐང་དྲུག་མ།