ཕ་ཡུལ་གླེང་ཞོར་ཕ་ཡུལ་དྲན་ཡོང་།

ཞལ་དཀར།        2022-02-23

སྙན་པའི་དབྱངས་ཀྱིས་དབུ་ཁྱུད་མ་བྲིས།།

ངུ་སྐད་ཅིག་གིས་སྒོ་མོ་ཕྱེས་ཏེ།།

ཁྲ་ཁྲ་བསྡེབས་པའི་འཇིག་རྟེན་འདི་རུ།།

ཐོག་མའི་གོམ་སྟབས་དང་པོ་སྤོས་ཡོད།།

གྲང་ངར་རྒོད་ཅིང་ཁ་བ་འབབ་སའི།།

གངས་དཀར་ཤེལ་གྱི་མཆོད་རྟེན་དབུས་ནས།།

ཨ་མ་མ་ཎི་མཉམ་དུ་བསླབས་ནས།།

བྱམས་བརྩེའི་དྲོད་ཁོལ་དང་པོ་ཚོར་ཡོད།།

རི་ཆུའི་མཛེས་སྡུག་མིག་ལ་བཞད་ཡོད།།

ན་ཟླའི་བརྩེ་འདང་སེམས་སུ་ཉར་ཡོད།།

ཕྱིར་མིག་ཀློང་གི་སྡེ་ཆེན་རྩེད་ར།།

བདག་གི་ངུ་སྐད་ཐོག་མར་སྒྲོག་ས།།

ཕ་ཡུལ་གཡང་སྡེ་རྒྱང་དུ་གནས་ཡོད།།

གྱེས་ཕྱག་ཕུལ་ནས་ཡུན་རིང་ལུས་སོང་།།

ན་ཟླའི་རྩེད་མཚར་སླར་ཡང་དྲན་ན།།

ཕ་ཡུལ་གླེང་ཞོར་ཕ་ཡུལ་དྲན་ཡོང་།།

བྱིས་དུས་འཚོ་བའི་རྨི་ལམ་རིང་མོ།།

ལོ་དང་ཟླ་བས་བཞི་ཤད་བྲིས་ནས།།

དྲན་འཛིན་མེ་ལོང་དྭངས་མའི་ནང་གི།།

མིག་ཆུའི་རི་མོའི་རྒྱུ་རུ་གྱུར་སོང་།།

སྣ་བརྒྱའི་མེ་ཏོག་དཀར་དམར་བཞད་སའི།།

བག་ཆགས་སྟུག་པའི་ཕ་ས་ཕ་ཡུལ།།

དབྱར་དགུན་དུས་བཞིའི་རྣམ་འགྱུར་དབུས་ཀྱི།།

འགྱུར་མེད་གངས་ཀྱི་ལྷུན་པོ་ཚེ་རིང་།།

བྲིས་ན་ཤོག་དཀར་ཟད་པར་དོགས་པའི།།

བརྗོད་ན་ཁ་ལྕེའི་ནུས་པ་ཟད་འགྲོ།།

བསྡུ་ན་ཐ་སྙད་གཉིས་ཀྱིས་མཚོན་པའི།།

བདག་གི་དགའ་སྐྱོ་འཕོ་སའི་ཕ་ཡུལ།།



  • ལེ་ཚན་སྔོན་མ།:སྙན་ངག་ལ་བླངས་བའི་ཚངས་མགུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།