ཨོ་རྒྱན་གྱིས་བསྒྱུར། 2022-02-23
ཧྲེན་དབྱང་གིས་ཁུལ་ཨུའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་བྱ་རྒྱུ་དེ་དེང་སྐབས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་རིམས་ནད་འགོག་ཟོན་གྱི་ལས་ཀར་རྒྱལ་ཁ་ཐོབ་པར་བྱ་དགོས་ཞེས་བསྟན།
ཟླ2ཚེས21ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་མཇུག་བསྒྲིལ་རྗེས། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཧྲེན་དབྱང་གིས་ཁུལ་ཨུའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ཁུལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ལས་དོན་གྱི་སྙན་སེང་ལ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཧྲེན་དབྱང་གིས། གཅིག་གྱུར་གྱིས་རིམས་ནད་འགོག་ཟོན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན། མིག་སྔའི་རིམས་ནད་འགོག་ཟོན་དུས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ནས་ལྷོད་གཡེང་གི་བསམ་བློ་ཡོད་མི་རུང་བའི་དུས་སྐབས་སུ་སླེབས་སྐབས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་འགོག་ཟོན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་དང་། འགོན་ཟོན་གྱི་དྲ་བ་བརྟན་པོར་བཟོ་བ། རིམས་ནད་འགོག་ཟོན་ལ་རྒྱལ་ཁ་ཐོབ་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་ཅིག་གཏོད་དགོས་ཞེས་གསུངས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཨུའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར་བསྟན་དོན། ཉེ་དུས་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་ཁག་ཅིག་ལ་ས་གནས་རང་གི་རིམས་ནད་ཐོན་པར་མ་ཟད། རང་ཁུལ་ལ་ཐོན་སྐྱེད་དང་སློབ་སྦྱོང་བསྐྱར་དུ་མགོ་འཛུགས་པའི་མཐོ་རླབས་འཕྱུར་བའི་དུས་སུ་སླེབས་པས་མི་སྣ་འཁོར་རྒྱུག་རང་བཞིན་ཆེ་བ་དང་། ནད་ཡམས་ནང་འདྲེན་གྱི་ཉེན་ཁ་ཆེ་བ། ནད་ཡམས་འགོག་ཟོན་གྱི་དུས་བབ་ཧ་ཅང་རྙོག་འཛིང་ཆེ་བ་བཅས་ཡོད། རིམ་པ་ཁག་དང་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་འགོག་ཟོན་གྱི་རྩ་བ་དེ་དམ་པོར་བཅངས། མ་མཐའི་མཚམས་ཐིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། ཕྱི་ནས་ནང་འདྲེན་དང་ནང་ནས་བསྐྱར་དུ་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མི་དང་། དངོས་པོ། ཁོར་ཡུག་བཅས་མཉམ་དུ་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཆོད་སེམས་ཆེ་ཤོས་དང་། བྱེད་ཐབས་དྲང་ཤོས། བླང་བྱ་ནན་ཤོས་བཅས་ཀྱི་ཐོག་ནས་འགོག་ཟོན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ་ལས་སླ་ཤོས་ཀྱི་འགོག་ཟོན་གྱི་གྲུབ་འབྲས་བརྟན་སྲུང་ཏན་ཏིག་བྱས་ནས་སྤུས་ཚད་མཐོ་བའི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་ཟོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཡིན་པ་བསྟན་པ་རེད།
ཚོགས་འདུའི་ཐོག་གཏན་འགོག་ཚོད་འཛིན་གྱི་ལམ་སྲོལ་ལག་བསྟར་བྱས་ནས“ཕྱོགས་བཞིའི་འགན་འཁྲི”ནན་དུ་གཏོང་བ་དང་། མདུན་སྣེའི་འགོག་ཟོན་དང་། དབུས་སྣེའི་ཞིབ་བཤེར་ཚོད་འཛིན། མཐའ་སྣེའི་ཚོད་འཛིན། རྩལ་སྣེའི་ལྟ་སྐུལ་ཚོད་འཛིན་བཅས་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ་མཉམ་འགོག་མཉམ་སྡོམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བདེ་ཐང་ཞབས་ཞུའི་ས་ཚིགས་ཀྱིས“ས་ཚིགས་དང་པོའི་འགན་འཁྲི”དོན་འཁྱོལ་ཡག་པོ་བྱས་ནས་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མིང་ཐོ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཏེ་མི་དང་རླངས་འཁོར་འཕྲད་སྐབས་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ་དང་། ཁུལ་ནང་དུ་ཡོང་བའི(ཕྱིར་ལོག་པ)མི་སྣར་རིགས་དབྱེ་དོ་དམ་ལག་བསྟར་ནན་པོ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རིམས་ནད་ནང་འདྲེན་གྱི་ཉེན་ཁ་མེད་པ་བཟོ་དགོས། གཞི་གྲངས་ཆེན་པོའི་དབྱེ་ཞིབ་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། མ་ཁེབས་ས་མེད་པའི་སྒོ་ནས་གྲལ་བཤེར་གཏན་ཁེལ་གྱི་ནད་པ་དང་འབྲེལ་གཏུག་དམ་ཟབ་བྱེད་མཁན། འབྲེལ་གཏུག་བྱེད་མཁན། སྤྱིར་བཏང་གི་འབྲེལ་གཏུག་པ་བཅས་ཀྱིས་སྔ་ཙམ་ནས་ཤེས་རྟོགས་དང་སྔ་ཙམ་ནས་ཐག་གཅོད་བྱེད་དགོས། གཙོ་གནད་གནས་ཡུལ་དང་། གཙོ་གནད་ས་ཁོངས། གཙོ་གནད་ལྷུ་ཚིགས། གཙོ་གནད་མི་ཚོགས་བཅས་ལ་དམ་པོར་དམིགས་པ་དང་ལྷག་པར་དུ་སློབ་གྲྭ་དང་། དགོན་སྡེ། ཞིང་འབྲོག་ཁུལ། བསྐྱར་དུ་ཐོན་སྐྱེད་བྱེད་པའི་ཁེ་ལས་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཨང་གྲངས་ཞིབ་བཤེར་དང་། ཨང་རྟགས་གསལ་སྟོན། ཁ་བཏུམ་རྒྱག་པ། ལུས་པོའི་དྲོད་ཚད་འཇལ་བ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་མུ་མཐུད་ལག་བསྟར་ནན་པོ་བྱས་ཏེ་མི་ཚོགས་མང་བའི་ཁུལ་གྱི་རིམས་འགོག་ཞིབ་བཤེར་དང་། འཕྲོད་བསྟེན་བཅོས་སྒྲིག་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ཆེན་དང་ཁུལ་བརྒལ་ནས་འགྲོ་འོང་དང་། རྟོག་ཞིབ་སོགས་གནས་སྐབས་རིང་གཞི་ཁྱོན་ལྡན་པའི་ཚོགས་འདུའི་བྱེད་སྒོ་མི་སྤེལ་བ། རིམས་ནད་མཆེད་ལམ་མཐའ་གཅིག་ཏུ་འགོག་པ་བཅས་བྱེད་དགོས། འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་ཞིབ་ཕྲ་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ་རིམས་འགོག་སྟོབས་ཤུགས་འདང་ངེས་དང་རིམས་འགོག་དངོས་ཟོག་གྲ་སྒྲིག་ཡག་པོ་བྱས་ནས་རིམས་ནད་འགོག་ཟོན་གྱི་གནས་ཚུལ་གསར་པ་ཐོན་ཚེ་དུས་ཚོད་དང་པོར་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས། ཆ་འཕྲིན་འགྲེམ་བསྒྲགས་ཡག་པོ་བྱས་ནས་ལས་བྱེད་པ་དང་མང་ཚོགས་གཅིག་སྡུད་མཉམ་འཛོམས་མི་བྱེད་པ་དང་། ཁུལ་བརྒལ་ནས་མི་བསྐྱོད་པར་ཁྲིད་སྟོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་པའི་འདུ་གནས་ཀྱི་རིམས་འགོག་ལས་དོན་ལ་གཞོགས་འདེགས་བྱས་ནས་སྤྱི་ཚོགས་ཡོངས་ལ་རིམས་ནད་འགོག་ཟོན་གྱི་འདུ་ཤེས་ཆེན་པོ་ཞིག་མཉམ་དུ་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུར་གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་འདོམས། གཅིག་གྱུར་བྱ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་བཀོད་འདོམས་སྒྲོམ་གཞི་དང་འཁོར་སྐྱོད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་རིམས་ནད་འགོག་ཟོན་ལས་དོན་ལ་བྲེལ་བ་ཆེ་ཡང་གོ་རིམ་ལྡན་པ་དང་བྲེལ་བ་ཆེ་ཡང་ཟང་ཟིང་མི་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ལས་རིགས་དོ་དམ་གྱི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། མཐུན་སྦྱོར་མཉམ་འགུལ་ལ་དོ་སྣང་བྱེད་པ། ཆ་འཕྲིན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཞོགས་འདེགས་དམ་ཟབ་དང་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། ཏང་སྲིད་ལས་ཁུངས་རིམ་པ་ཁག་དང་། ཁེ་ལས་དང་དོན་ལས་སྡེ་ཚན་གྱིས་འགན་འཁྲི་གཙོ་བོ་ཁུར་ནས་སྡེ་ཁག་དེ་གའི་ལས་བྱེད་ལས་བཟོར་སློབ་གསོ་དང་དོ་དམ་ཡག་པོ་བྱ་དགོས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཡག་པོ་དང་དཔེ་སྟོན་བྱས་ཏེ་རང་རྟོགས་ངང་རིམས་ནད་འགོག་ཟོན་གྱི་འབྲེལ་ཡོད་བླང་བྱར་བརྩི་སྲུང་ཞུ་དགོས། རྫོང(གྲོང་ཁྱེར)ཁག་གིས་ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ་བཅས་བྱས་ཏེ། རིམས་ནད་འགོག་ཟོན་དེ་དཔལ་འབྱོར་འཕེལ་རྒྱས་དང་། བརྟན་ལྷིང་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ལྟ་རྟོག་བྱེད་དགོས་པ་དང་། གཅིག་གྱུར་འཆར་འགོད་དང་ཟུང་འབྲེལ་བྱེད་པར་དོ་སྣང་དང་། རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་བྱས་ཏེ། ཧུར་བརྩོན་གྱིས་རིམས་ནད་ཀྱི་ཤུགས་རྐྱེན་དེ་ཆེས་དམའ་ཤོས་སུ་གཅོག་ཐུབ་པར་བྱ་དགོས།
ཁུལ་ཨུའི་ཏོག་གསར་གློ་ཚད་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10