སེར་ཤུལ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-02-23

དགུན་དུས་ཀྱི་མེ་ཟོན་དུས་མཚམས་སུ་བསླེབས་ཚུན། སེར་ཤུལ་རྫོང་གིས་བཀོད་སྒྲིག་ཚགས་ཚུད་བྱས་ནས་འགན་འཁྲི་ཏན་ཏིག་ཁུར་བ་དང་།མཉམ་འགོག་མཉམ་བཅོས་ལ་ཤུགས་རྒྱག་པ།མེ་ཁུངས་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ།དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། འཚུབ་བསྟུན་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ་བཅས་ཀྱི་སྒོ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་ཀའི་འགོག་སྲུང་ར་བ་ཁྱོན་ཡོངས་ནས་ཇེ་བརྟན་དུ་བཏང་བ་རེད།

སེར་ཤུལ་རྫོང་གིས“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ནས་དགུན་དཔྱིད་ཀྱི་མེ་གསོད་མེ་ཟོན་སྔོན་འགོག་ལས་དོན་མགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་བ་དང་། རྫོང་གིས་ཡུལ་ཤོག་ལ་འགན་གཙང་ལེན་དང་ཡུལ་ཤོག་གིས་གྲོང་ཚོར་འགན་གཙང་ལེན་བྱེད་པ། གྲོང་ཚོས་རི་མགོར་འགན་གཙང་ལེན་བྱེད་པའི་མེ་གསོད་མེ་ཟོན་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཁ་གསལ་བཟོས། ད་ཆའི་བར། ཕྱོགས་ཡོངས་ལ་ཁེབས་པའི་སྐོར་ཞིབ་སྲུང་སྐྱོང་རུ་ཁག177དང་སྐོར་ཞིབ་སྲུང་སྐྱོང་མི་སྣ6125གཏན་འཁེལ་བྱས་ཤིང་། མཉམ་འགོག་མཉམ་འཛིན་གྱི་གྲོས་མཐུན་ཡི་གེ6དང་འགན་འཁྲིའི་ཡི་གེ82དང་། ཁས་ལེན་ཡི་གེ་ཁྲི1.6 དང་། འགན་ལེན་ཡི་གེ་ཁྲི5.6བཅས་བཞག་པ་རེད། དེ་དང་ཆབས་ཅིག་སེར་ཤུལ་རྫོང་གིས་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་ཐེངས22བྱས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི12ལྷག་ཙམ་དང་། དྲིལ་བསྒྲགས་པར་རིས2000ལྷག། སྦྱར་ཡིག940དང་འཕྲིན་ཐུང་ཁྲི3ལྷག་ཙམ་བཅས་བརྒྱུད་བསྒྲགས་བྱས་པས་མང་ཚོགས་ཁྲི1.5ལྷག་ཙམ་ལ་དངོས་ཕན་ཐོགས་ཡོད།

སེར་ཤུལ་རྫོང་གིས་དངོས་རྫས་འབར་སླ་བ་དང་གློག་ཤུགས་ཀྱི་མངོན་མེད་རྐྱེན་ངན། བསང་གཏོང་ས་བཅས་ལ་དམིགས་ནས“མེ་སྐྱོན་ཚགས་བཤེར”དང“མེ་གྱོད་ཞིབ་གཅོད”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། ད་ཆའི་བར་མེ་གསོད་རུ་མི2670ཡོད་པ་དང་། མེ་གསོད་རླངས་འཁོར་ཆུང་གྲས4དང་། ནགས་ཚལ་མེ་ཟོན་འཕྲུལ་རྟ215དང་། ཟོག་འདྲེན་རླངས་འཁོར་སོགས་འཁོར་རིགས26བཅས་སྒྲིག་སྦྱོར་བྱས་ཡོད། ཆུ་འཐེན་འཕྲུལ་འཁོར་དང་མེ་ཟོན་ཆུ་མདའི་ཡོ་བྱད་སོགས་མེ་ཟོན་འཕྲུལ་ཆས 6500ལྷག་ཙམ་དང་། གུར་དང་མེ་ཟོན་གྱོན་ཆས་སོགས800ལྷག་སྒྲིག་སྦྱོར་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:དམངས་ལ་ཞབས་འདེགས་ཞུས་ནས་བདེ་བའི་དྲོད་ཁོལ་བསྩལ།
  • ལེ་ཚན་རྗེས་མ།:ཚན་རྩལ་ལ་བརྟེན་ནས་ཐོན་ལས་དར་རྒྱས་བཏང་།
  • དོ་སྣང་ཆེ་བའི་རྩོམ།