ཚན་རྩལ་ལ་བརྟེན་ནས་ཐོན་ལས་དར་རྒྱས་བཏང་།

ཀུན་དགས་བསྒྱུར།        2022-02-23

ཁྲེང་ཏུའུ་ཝུའུ་ཧོའུ་ཆུས་ཀྱིས་དཔལ་ཡུལ་རྫོང་གི་དེང་རབས་མཐོ་སྒང་ཞིང་ལས་མགྱོགས་མྱུར་འཕེལ་བར་སྐུལ་འདེད་བཏང་།

ཚན་རྩལ་ལ་བརྟེན་ནས་ཐོན་ལས་དར་རྒྱས་བཏང་།

ར་ནག་གསོ་ཚགས་རྟེན་གཞི།

ར་ནག་གློག་རྡུལ་རྣ་རྟགས་དང་།བྱང་སྐར་ཞིབ་ཚད་མཐོ་བའི་རང་འགུལ་འཁོར་གཏོང་ཞིང་འཕྲུལ།རིག་ལྡན་ཞིང་ལས་ཟོག་འབྲེལ་དྲྭ་སྦྲེལ་གྲངས་གཞི་ཆེ་མོའི་བཀོད་འདོམས་ལས་སྟེགས།སྤུས་ལེགས་གངས་ལྗོངས་ལུག་མིག་མྱུར་འཕེལ་ཚན་ཞིབ་སོགས་སྤེལ་ཏེ་དཔལ་ཡུལ་རྫོང་སྲོལ་རྒྱུན་ཞིང་ལས་འཕེལ་རྒྱས་གཏོང་སྟངས་མཚམས་བཞག་ནས་ཚན་རྩལ་གསོ་ཚགས་ཀྱི་དེང་རབས་མཐོ་སྒང་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཀྱིས་ཚན་རྩལ་ལ་བརྟེན་ནས་ནུས་པ་ཐོན་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་ཞིང་ལས་ཆ་འཕྲིན་ཅན་འཛུགས་སྐྲུན་དང་ཁྱད་ཆོས་ཞིང་ལས་ཐོན་རྫས་ཚན་རིག་ཞིབ་འཇུག་ལ་མུ་མཐུད་རོགས་སྐྱོར་བྱས་ནས་དཔལ་ཡུལ་མཐོ་སྒང་དེང་རབས་ཞིང་ལས་མགྱོགས་མྱུར་འཕེལ་བར་རམ་འདེགས་བྱས་པ་རེད།

ར་ནག་ལ་གློག་རྡུལ་ཐོབ་ཐང་ལག་ཁྱེར་ཡོད།

དཔལ་ཡུལ་རྫོང་གི་ར་ནག་རྒྱུད་སྲུང་གསོ་སྤེལ་རྟེན་གཞིར་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་།གཙང་སྦྲ་དོད་པའི་ར་ཚང9ཡི་ནང་དུ་ར་ནག་གིས་ཁེངས་ཡོད།

དཔལ་ཡུལ་རྫོང་ཞིང་སྤེལ་སྤྱི་གཉེར་ཁང་གི་ལི་ཝུའེ་ཏུང་གིས་ང་ཚོས་རྣ་རྟགས་བཤར་འབེབས་བྱེད་དུས་ར་ནག་རེ་ཡི་ཕ་མ་སུ་ཡིན་པ་དང་རྒྱུད་རྒྱུ་བཟང་ངན། ནམ་ཞིག་ལ་འགོག་ཁབ་བརྒྱབ་མྱོང་མིན། གཟན་ཆས་ཅི་འདྲ་ཞིག་ཟོས་ན་བདེ་ཐང་ཡིན་པ་སོགས་གནས་ཚུལ་ཚང་མ་ཤེས་ཐུབ། ར་ནག་རེ་རེའི་རྣ་ཐོག་ཏུ་ཨང་རྟགས་ཡོད་པའི་རྣ་རྟགས་སེར་པོ་རེ་བཏགས་ཡོད།རྣ་རྟགས་བཤར་འབེབས་བྱས་མཐར་ར་ནག་ཕོ་མོ་དང་ལོ་ཚོད།རིམས་འགོག་ཆ་འཕྲིན།ཐ་ན་ཁྲག་རྒྱུད་ཀྱི་ཆ་འཕྲིན་སོགས་གསལ་པོར་མཐོང་ཐུབ། དེ་ནི་དེ་ཚོའི་ཐོབ་ཐང་ལག་ཁྱེར་ཡིན་ཞིང་།དེའི་ནང་ར་ནག་པོ་རེའི་ཁྲག་རྒྱུད་ཀྱི་འབྲེལ་བ་དང་དེ་བཞིན་སྐྱེ་འཚར་དུས་མཚམས་ཁག་གི་དམིགས་ཚད་གྲངས་གཞི་ཐོ་འགོད་བྱས་ཡོད་པས།དེ་ནི་ར་ནག་པོ་གསོ་སྤེལ་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་ཞེས་ངོ་སྤྲོད་བྱས།

རིམ་པ་སྤར་རྗེས་ར་ནག་རིག་ལྡན་གསོ་ཚགས་མ་ལག་དེ་རྫོང་རིག་ལྡན་ཞིང་ལས་ཟོག་འབྲེལ་དྲྭ་སྦྲེལ་གྱི་གྲངས་གཞི་ཆེ་མོའི་བཀོད་འདོམས་སྟེགས་བུ་དང་སྦྲེལ་མཐུད་བྱུང་ཡོད།ཚོར་འདྲེན་ཡོ་ཆས་ཀྱིས་ར་ཁང་ནང་གི་མཁའ་རླུང་གི་གྲུབ་ཆ་དང་དྲོད་ཚད།བརླན་བཤེར་སོགས་ལ་ཕྱོགས་ཡོངས་ཞིབ་བཤེར་བྱས་ཏེ།ར་ཚང་གི་ཁོར་ཡུག་ལ་ཞིབ་ཚད་མཐོ་བའི་ཚོད་འཛིན་བྱེད་ཐུབ་ཅིང་།གྲང་ངར་ཆེ་བའི་དགུན་དུས་ཡིན་ནའང་ར་ཚང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་བཅོ་ལྔ་བཅུ་དྲུག་ལ་སྲུང་འཛིན་བྱེད་ཐུབ་ཀྱི་ཡོད།

གཞན་ཡང་རིག་ལྡན་གསོ་ཚགས་མ་ལག་གིས་རྟེན་གཞིའི་ར་ནག་ཚང་མར་གཟན་ཆས་སྟེར་བ་དང་།རྒྱུད་པ་སྤེལ་བ།ཁྱུ་སྤོས་པ། བདེ་ཐང་སོགས་ཀྱི་གནས་ཚུལ་ལ་གྲངས་གཞི་འཚོལ་བསྡུ་དང་བསྡོམས་རྩིས་བྱས་ནས་དབྱེ་ཞིབ་བྱས་པར་བརྒྱུད་ར་ནག་གསོ་ཚགས་བྱེད་པའི་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་ཐུབ་ཀྱི་ཡོད་པ་རེད།

སྲོལ་རྒྱུན་འདེབས་འཛུགས་ལས་རིགས་རིག་ནུས་ཅན་དུ་བསྒྱུར།

ལི་ཝུའེ་ཏུང་གིས་དཔལ་ཡུལ་རྫོང་གི་དེང་རབས་མཐོ་སྒང་འདེབས་འཛུགས་རྟེན་གཞིའི་ནང་མི་མེད་གནམ་གྲུ་གཉིས་ཀྱིས་ལུད་རྒྱག་དང་སྨན་གཏོར་བ་སོགས་ལས་སྒྲུབ་བྱེད་བཞིན་ཡོད། ཞིང་ལས་སྐྱེ་དངོས་ལ་སྐྱེ་འཚར་གྱི་བརྒྱུད་རིམ་ཁྲོད་འབུའི་གནོད་འཚེ་འཕྲད་སྐབས་དང་ཐོག་སྟེགས་བུ་བརྒྱུད་དེ་ཉེན་བརྡ་གཏོང་བ་དང་།གཞི་ནས་དབྱེ་ཞིབ་བྱས་ཏེ་སྨན་གཏོར་ཇུས་གཞི་ཞིབ་ཚགས་བཟོས་རྗེས་མི་མེད་གནམ་གྲུས་སྨན་གཏོར་བའི་ལས་དོན་གྱི་ཆ་སྙོམས་རང་བཞིན་དང་བདེ་འཇགས་རང་བཞིན་ཆེ་རུ་ཕྱིན་ཡོད་ཅེས་བཤད།

གསར་འགོད་པས་དཔལ་ཡུལ་རྫོང་རིག་ལྡན་ཞིང་ལས་ཟོག་འབྲེལ་དྲྭ་རྒྱའི་གྲངས་གཞི་ཆེ་མོའི་བཀོད་འདོམས་སྟེགས་བུའི་ལྟེ་གནས་སུ་སྤྱི་གཉེར་ཁང་གི་ལག་རྩལ་འགན་འཁུར་བ་འཇིགས་མེད་དོན་གྲུབ་ཀྱིས་བརྙན་ཤེལ་ཆེན་པོའི་ཐོག་ནས་ཚན་རིག་ཁང་གི་མུའུ་ཁྲི་ཡི་ལྟེ་བའི་འདེབས་འཛུགས་ཁུལ་ལ་རྒྱང་བསྟེན་ལྟ་སྐུལ་ཚོད་འཛིན་བྱེད་བཞིན་ཡོད་པ་དང་ཞིབ་ཚད་མཐོ་ཤོས་ཀྱི་རང་འགུལ་ཞིང་འཕྲུལ་གཉིས་ཀྱིས་ཞིང་རྨོད་བཞིན་ཡོད་པ་མཐོང་།

འཇིགས་མེད་དོན་གྲུབ་ཀྱིས་སྔོན་ཆད་རྨོ་འདེབས་བྱེད་སྐབས་བྱེད་སྟངས་ཆུང་ཆུང་ཞིག་གིས་འདྲུད་འཐེན་འཕྲུལ་འཁོར་གྱི་འགྲོ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་མོད།འོན་ཀྱང་ད་ཆ་རྨོ་འདེབས་རྒྱ་ཁྱོན་དང་ས་རྒྱུའི་མཐུག་ཚད་སོགས་ཀྱི་དཔྱད་གྲངས་མ་ལག་ནང་བླུགས་ན་རང་འགུལ་འཁོར་གཏོང་ཞིང་འཕྲུལ་གྱིས་འཆར་འགོད་ཀྱི་ལམ་ཐིག་གཞིར་བཟུང་ནས་ལས་དོན་སྤེལ་ཐུབ་ཀྱི་ཡོད། ཉིན་རེར་ཉུང་མཐར་ཡང་ཞིང་རྒོད་མུའུ80དང་མུའུ120རྨོ་འདེབས་ཐུབ་པ་རེད་ཅེས་བཤད།

རིག་ནུས་ཞིང་འཕྲུལ་སྒྲིག་ཆས་བེད་སྤྱོད་བྱས་པར་ཕུད། དཔལ་ཡུལ་རྫོང་འདེབས་འཛུགས་རྟེན་གཞིའི་ནང་དུ་གནམ་གཤིས་དང་ས་ཆའི་གཤེར་ཚད།ནད་འབུ་ལྟ་ཞིབ་ཚད་ལེན་སོགས་ཀྱི་དཔྱད་ཆས་ཀྱང་བཀོད་བསྒྲིགས་བྱས་ཡོད། ཞིང་ལས་སྐྱེ་དངོས་ཀྱི་ཆ་འཕྲིན་དང་།དྲོད་ཚད་བརྟག་དཔྱད།ཞིང་ལས་ཐོན་རྫས་ཀྱི་ཐེངས་གྲངས་སོགས་ཆ་འཕྲིན་རྣམས་རྫོང་བཀོད་འདོམས་སྟེགས་བུའི་ལྟེ་གནས་ཀྱི་དྲྭ་ངོས་སུ་འཆར་ཐུབ་པ་དང་།ཞིང་ལས་ཐོན་རྫས་སྣ་ཚོགས་ཀྱིས་སྟེགས་བུའི་མཉེན་ཆས་ཐོག་ནས་ཁེ་ལས་དང་དེ་བཞིན་ཞིང་ལས་ཐོན་རྫས་ཀྱི་ཆ་འཕྲིན་མཛོད་འཛུགས་པ་དང་།དོ་དམ།འདྲི་རྩད།བགོ་བཤའ་བཅས་བྱེད་ཆོག་པར་མ་ཟད།རྫུན་འགོག་ཨང་རྟགས་དང་བཟའ་བཅའི་ཉེན་མེད་ཁུངས་འདེད་ཀྱི་རྩ་གཉིས་ཨང་རྟགས་ཀྱང་བཟོས་པ་རེད།

ཚན་རིག་ཞིབ་འཇུག་ལ་བརྟེན་ནས་ལུག་མིག་མེ་ཏོག་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་།

མཐོ་སྒང་གི་ཉིན་དགུང་དུས་སུ་ཉི་མའི་འོད་ཀྱི་ཚ་བ་ཧ་ཅང་ཆེ་མོད།འོན་ཀྱང་དཔལ་ཡུལ་རྫོང་ཞིང་ལས་ཚོད་ལྟའི་ཚོད་འདེབས་རྟེན་གཞིའི་མྱུ་གུ་གསོ་བའི་དྲོད་ཁང་ནང་དེ་བས་སྐྱིད་སྣང་དོད་པ་དང་།རིག་ནུས་ཚོད་འཛིན་མ་ལག་གིས་དྲོད་ཁང་ཆེ་མོའི་མཁའ་རླུང་བརྗེ་ཚད་དམའ་རུ་བཏང་ཞིང་། སྔོ་ཐིང་ཐིང་གི་ལུག་མིག་མེ་ཏོག་གི་སྐྱེ་ཚུལ་ཧ་ཅང་བཟང་།

ལི་ཝུའེ་ཏུང་གིས་སྤོབས་སེམས་ཆེན་པོས་སྲོལ་རྒྱུན་གྱི་རྒྱུད་སྤེལ་ཆ་རྐྱེན་འོག་མཐོ་སྒང་ལུག་མིག་གི་སོན་རྒྱུད་ཞན་འགྱུར་སླ་བ་དང་དེང་རབས་རྒྱུད་གསོ་ལག་རྩལ་སྤྱད་དེ་ལེགས་འདེམས་བྱས་པའི་མྱུག་བཟང་གསོ་སྐྱོང་དང་སྐྱེ་འཕེལ་མགྱོགས་མྱུར་བྱས་པའི་ས་བོན་ལ་རྒྱུད་རྒྱུ་བརྟན་ཞིང་སྤུས་ཚད་དེ་བས་ཡག་པའི་ལེགས་ཆ་ལྡན་ཡོད་ཅེས་བཤད།

སི་ཁྲོན་ཞིང་ལས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་དཔལ་ཡུལ་རྫོང་ཞིང་ལས་འཕེལ་རྒྱས་སྤྱི་གཉེར་ཁང་གིས2021ལོར་དུས་སྐབས་བསྣོན་བརྗེའི་འདེབས་འཛུགས་དང་།སོན་རྒྱུ་མི་འདྲ་བའི་ཚོད་འདེབས་རྣམ་གྲངས་རབ་དང་རིམ་པ་སྤེལ་ནས་དུས་མཇུག་ཏུ་གཞི་ཁྱོན་ཆེན་པོས་འདེབས་འཛུགས་ཁྱབ་གདལ་གཏང་རྒྱུར་གྲངས་གཞིའི་མ་དཔེ་མཁོ་འདོན་བྱས་ཡོད། ད་སྔར་དྲོད་ཁང་ནང་ཚོད་འདེབས་བྱས་པ་དེ་ནི་གསར་དུ་འདེབས་གསོ་བྱས་པའི་ལུག་མིག་མེ་ཏོག་གི་ས་བོན་ཡིན་ཞིང་།དེར་རྩ་ལག་རྒྱས་པ་དང་།གསོན་ཚད་མཐོ་བ།ནད་འགོག་ནུས་པ་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད།

2021ལོར་ཝུའུ་ཧོའུ་ཆུས་ཀྱིས་མ་དངུལ་སྒོར་ཁྲི100བཏང་ནས་སྤྱི་གཉེར་ཁང་དང་སི་ཁྲོན་ཞིང་ལས་སློབ་ཆེན་བར་ལོ5ཡི་འཐབ་ཇུས་མཉམ་ལས་ཀྱི་གན་རྒྱ་བཞག་ནས་སི་ཁྲོན་ཞིང་ལས་སློབ་ཆེན་དང་དཔལ་ཡུལ་རྫོང་མཚོ་བོད་མཐོ་སྒང་གི་ཁྱད་ཆོས་སྐྱེ་དངོས་ཚན་གཏོད་ཞིང་ར་དང་མཐོ་སྒང་ལུག་མིག་ཐོན་ལས་ལག་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་བཙུགས་ནས་དཔལ་ཡུལ་རྫོང་གི་དེང་རབས་མཐོ་སྒང་ཞིང་ལས་ཀྱི་ཚན་རྩལ་འདུས་ཚད་སྔར་བས་མཐོ་རུ་བཏང་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:ཁུལ་ཨུས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།