དགེ་ལུང་དོན་ཉི། 2022-02-21
༡
“རྩོམ་པ་པོ་ནི་ནམ་ཡང་ཁེར་རྐྱང་གི་འཐབ་འཛིང་བ་ཞིག་གོ།” ཞེས་གྷ་བྷི་རི་གྷར་སི་མར་ཁེ་ཟིས་གསུངས་པ་ལྟར། རྩོམ་པ་པོའི་ལས་ཀ་ནི་དེ་འདྲས་སྤྲོ་སྣང་ལྡན་པ་དང་བྱ་བ་སྒྲུབ་སླ་བ་ཞིག་རེད་འདུག་བསམ་པ་ནི་ནོར་བ་ཞིག་རེད། བྱ་བ་དེ་སྤྲོ་སྣང་ཅན་ཞིག་ཡིན་མིན་སོ་སོ་ལ་མོས་པ་ཡོད་མེད་ལ་རག་ལས། ཡིན་ནའང་། རྩོམ་འབྲི་བ་ནི་དེ་འདྲ་སླ་མོ་མ་ཡིན་ལ། བརྩོན་པས་རྒྱུན་མཐུད་ཅིང་བློ་བརྟན་འགྱུར་མེད་དང་ཤེས་རབ་ནི་ངེས་པར་དུ་ཡོད་དགོས་པ་ཞིག་རེད། རྩོམ་ཡིག་ཐར་ཐོར་ཞིག་འབྲི་བ་ལའང་མགོ་མཇུག་དང་བར་དང་ལྡན་པ་ཞིག་བློ་ལ་འཆར་དགོས། རྩོམ་ཡིག་འབྲི་བ་ནི་རང་ཉིད་ལ་ཤེས་རབ་སྐྱེད་སྲིང་བྱེད་ཐབས་ཀྱང་ཡིན།
༢
ང་རང་འཇིག་རྟེན་འདིར་བསླེབས་ཏེ་ཕུགས་བསམ་ཞེས་པའི་ཐ་སྙད་ལྗིད་པོ་འདི་དང་ཐུག་འཕྲད་བྱུང་ལ། ཕུགས་བསམ་ཞེས་པའི་ཐ་སྙད་ལྗིད་པོ་དེས་མི་ཚེའི་སྙིང་པོ་ལ་ཚད་འཇལ་བྱེད། དེ་ལྟར་ངེས་རྟོགས་བྱུང་རྗེས་ངས་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་ལ་མིག་གིས་ཅེར་ཏེ་བསམ་བློ་གཏང་དགོས་བྱུང་། ངོ་མ་འདང་མི་ཕོག་པ་ཞིག་རེད། དེ་ལས་ཀྱང་མི་ཚེའི་གདམ་ཀ་བྱེད་པར་ཧ་ཅང་དཀའ། གཅིག་བླངས་རྗེས་གཅིག་དོར་དགོས་པ་ནི་ངེས་པ་རེད། མི་ཚེ་ཐུང་ཐུང་ཞིག་ལ་ཡོད་ཚད་གདམ་ཀ་བྱེད་པའི་དབང་ཆ་འང་མེད་པར་རྟོགས་དགོས་ཐུག། ངས་རང་ཉིད་ལ་མི་ཚེའི་གདམ་ཀ་ཇི་ལྟར་བསྐོར་ན་འང་། ངོ་མ་ཁྲུན་ཐག་ཆོད་དཀའ་མོ་ཞིག་རེད། ཡིན་ན་འང་། ཆུང་དུས་ཀྱི་སློབ་སྦྱོང་དང་ཁོར་ཡུག་གིས་ཅུང་ཙམ་སྦྱོང་འདོད་པའི་རྩོམ་རིག་ལ་གཞོལ་ཁུལ་བྱས་ཏེ། རྩོམ་པ་པོ་ནི་རང་གི་དགའ་ཕྱོགས་སུ་བཟུང་བ་ཡིན། ཡིན་ན་ཡང་། ད་བར་དུ་རང་བློ་ཚིམ་པའི་རྩོམ་ཞིག་འབྲི་མ་ཐུབ་པར་ལུས། ངོ་མར་བཤད་ན་རྩོམ་པ་པོ་ནི་ཆེས་དཀའ་བའི་ཆེད་ལས་ཤིག་ཀྱང་རེད་འདོད། རྩོམ་པ་པོ་ནི་ནམ་ཡང་གསར་གཏོད་ཀྱི་ལམ་དུ་བགྲོད་དགོས་པ་ལས། ལད་ཟློས་ཤིག་གིས་གཏན་ནས་འཁྱོངས་ཐབས་མི་འདུག། རྩོམ་པ་པོ་ནི་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་ཟེར་དོན། རྩོམ་པ་པོས་མི་རིགས་ཀྱི་བདེ་སྡུག་བརྗོད་དགོས་པ་ལས། མི་རིགས་ལ་དཔྱད་བརྗོད་གཏོང་ན་མི་འོས་པ་ཡིན། རྩོམ་པ་པོ་ནི་ནམ་ཡང་ཁེར་རྐྱང་ཞིག་ཀྱང་རེད་དེ། ནམ་ཡང་རང་ཉིད་ཀྱི་གཅིག་པུས་སྨྱུག་ཁར་བསྐོར་ཏེ་གསར་རྩོམ་གནང་དགོས། ལན་རེ་ཀློག་པ་པོ་འང་རང་ཉིད་ཡིན། འདི་ལྟར་བཤད་ཡོང་དུས། ངས་རང་ཉིད་ཀྱི་སྐད་ཆ་ལ་མགོ་མཇུག་མེད་པ་ལྟར་འགྱུར་བཞིན་པ་ཤེས་ཀི། འོན་ཀྱང་། ངས་འབྲི་འདོད་པ་དག་མུ་མཐུད་དེ་འབྲི་རྒྱུ་ཡིན།
༣
རྩོམ་པ་པོ་ལ་ཁེ་ཕན་ཅི་ཡང་མེད་དེ། རྩོམ་ཡོན་གྱིས་ཁ་གསོ་ཐུབ་པ་དཀའ་ལ། རྩོམ་ཡོན་ལ་བརྟེན་ནས་ཁ་གསོ་མཁན་ཡང་དཀོན། རྩོམ་པ་པོ་ཞིག་ལ་མཚོན་ན་རྩོམ་འབྲི་བ་ནི་རང་ཉིད་ཀྱི་དགའ་ཕྱོགས་དང་འཚོ་བ་ཞིག་ཡིན་པ་ལས་ཁེ་ཕན་ཅི་ཡང་མེད། རྩོམ་པ་པོ་ནི་སྒོར་ཁུག་སྟོང་པ་ཡིན་སྲིད། ངོ་མར་བཤད་ན་རྩོམ་པ་པོ་ལ་དངུལ་ལོའི་དཀའ་ཁག་ཡོད་སྲིད་དེ། དུས་རབས་དཔལ་འབྱོར་ཅན་དུ་འགྱུར་བཞིན་པའི་སྒང་འདིར། དབང་དང་དངུལ་ལོ་ཤུགས་ཆེ་བའི་བར་གླགས་འདིར། རྩོམ་པ་པོ་ཕལ་ཆེར་གྱིས་རྩོམ་འབྲི་བ་ཞོར་ལས་སུ་འགྱུར་བཞིན་འདུག། དེར་བརྟེན་རྩོམ་པ་པོ་ཕུགས་བསམ་དུ་བཞེངས་མཁན་ནི་ཧ་ཅང་དཀོན་མོ་ཞིག་རེད་བསམས། རྩོམ་པ་པོས་ང་ཚོ་ལ་སྦྱིན་པ་ནི་ཚོར་བ་གསོན་པོ་ཞིག་རེད། སྒྱུ་རྩལ་གསོན་པོ་ཞིག་རེད། ཚོར་བ་དང་སྒྱུ་རྩལ་དེ་ནི་ནམ་ཡང་བསུབ་ཏུ་མེད། ཚོར་བ་དང་སྒྱུ་རྩལ་དེས་ང་ཚོ་ལ་བགད་སློང་ལ་ངུ་ཡང་བསྐྱེད། ངོ་མར་རྩོམ་པ་པོ་ནི་འདྲ་མེད་གཅིག་རེད། རྩོམ་པ་པོ་ལ་དབང་དང་དངུལ་ལོ་མེད་ན་ཡང་སྨྱུ་ག་སྲོག་ལྡན་དེས། ཁོ་རང་འཛམ་གླིང་གི་ཡང་རྩེ་དང་དམྱལ་ཟངས་གང་ལའང་ཁྱད་མེད་དུ་འཚོ་ཐུབ་པ་བྱུང་། འདི་ལྟར་བཤད་ན་ང་རང་རྩོམ་པ་པོ་ཡིན་པའི་ཟོལ་ཞིག་འདུག། ཡིན་ནའང་། ངས་དེ་ལྟར་ངེས་རྟོགས་བྱུང་རྗེས། རང་ཉིད་རྩོམ་པ་པོ་དང་རྒྱང་ཐག་ཧ་ཅང་རིང་བ་དང་། རྩོམ་པ་པོ་ནི་རྣལ་འབྱོར་པས་སྣང་ཚད་དང་རྟོག་ཚད་མགུར་དུ་བཞེས་པ་བཞིན། རྩོམ་པ་པོས་སྣང་རྟོག་རྩོམ་དུ་བྲིས་ཏེ་ངེས་རྟོགས་འབྱུང་བ་དང་འཇིག་རྟེན་གྱི་ངོ་བོ་དང་གནས་ལུགས་མང་པོ་ཞིག་རྟོགས་འགྲོ་བར་བསམ། དེ་བས་རྩོམ་པ་པོ་ནི་ང་དང་རྒྱང་ཇེ་རིང་དུ་གྱུར།
༤
རྩོམ་པ་པོ་ནི“གླེན་པ”ཞིག་རེད་དེ། ཐོབ་དང་དབང་ཆ་ཅི་ཡང་མེད་པར་གདོང་གཏད་དེ་བྱ་བ་སྒྲུབ་ཀྱིན་འདུག། བྱ་བ་དེ་བསྒྲུབས་རྗེས་ཐོབ་བྱ་ཅི་ཞིག་ཡོད་སྲིད། ཏན་ཏན་བཤད་ན་སྐབས་རེ་ངས་ཀྱང་རྩོམ་པ་པོ་ནི་ཁ་མང་ལག་ཏུ་མི་བསྟར་བའི་ཁ་ཁོག་ཡ་བྲལ་ཞིག་ཏུ་དྲན་མྱོང་། ཡང་གཅིག་བཤད་ན་རྩོམ་པ་པོ་མི་རིགས་ཀྱི་ཁ་ལོ་པ་འམ། མི་སེམས་ལ་དལ་དལ་ཁུ་སིམ་དུ་ཤུགས་རྐྱེན་ཐེབས་བཅུག་པའི་ལྐུགས་པ་བློ་ཐབས་ཅན་དེ་རེད་འདོད། རྩོམ་པ་པོ་ནི་ངས་ངོ་མ་ཇི་ལྟར་འགྲེལ་དགོས་ཤེས་ཀྱིན་མི་འདུག། སྨྲ་བ་མེད་པར་བསམ་བློ་ཞིབ་ཀྱིས་བཏང་ན། རྩོམ་པ་པོ་ནི་གཡུལ་སར་ཞུགས་པའི་ཁེར་རྐྱང་གི་དཔའ་རྒོད་ཅིག་རེད། ཁེར་རྐྱང་གི་དཔའ་རྒོད་ཁོ་རང་གཡུལ་སར་ཞུགས་ཏེ་རྒྱལ་ཁ་བླངས་རྗེས་ཁྱོད་རང་མཐོང་མཁན་ཡོད་སྲིད། རྩོམ་པ་པོའི་རྩོམ་ཡིག་མཐོང་བ་ལས་རྩོམ་ཡིག་གི་ལྟག་རྒྱབ་ཀྱི་གཏམ་རྒྱུད་སུས་ཀྱང་མི་ཤེས། དེ་ནི་རང་ཉིད་ཀྱིས་རྩོམ་ཡིག་འབྲི་དུས་གཟོད་རྟོགས་ཐུབ་པ་ཞིག་རེད། དེ་ལྟར་བཤད་རྗེས་ངའི་སྐད་ཆ་དག་འཁྱར་འཁྱོར་དུ་གྱུར་སོང་བ་རྟོགས་མོད། འོན་ཏང་། མི་ཚེའི་ནང་དུ་ཕུགས་བསམ་ཞེས་པའི་ཐ་སྙད་ལྗིད་པོ་དེའི་ཆེད་དུ། ང་རང་རྩོམ་པ་པོ་ལ་མགོ་བོ་ཡང་ཡང་འཁོར་དགོས་བྱུང་།
རྩོམ་གསར། 10