རླུང་ལ་སྤྲུལ་པའི་སྣང་བ།

འཇམ་དབྱངས་འོད་གསལ།        2022-02-21

མཁའ་མཐའི་རླུང་བུ་འཇམ་པོ་ཚོར་བར་སྤྲུལ།།

ཉམས་དགའི་ཡིད་ཀྱི་པི་ཝང་རྒྱང་རིང་དཀྲོལ།།

སྣང་བའི་ལྷན་ཐབས་དེས་ཀྱང་མཐའ་ཡས་པའི།།

སྨྲ་བའི་ལས་འཕྲོ་བརྒལ་ནས་ནར་སོན་བཞིན།།

ཆོ་འཕྲུལ་ཟླ་བའི་འཛུམ་པ་སྙིང་ཁར་བསིལ།།

མ་བཅོས་ཚོར་འདུ་ཆགས་པ་ལས་དབང་ཞིག།

ངག་གི་དཔལ་དུ་སྦྲུམ་པའི་ཚོར་བྱུང་ཡོངས།།

ཟག་མེད་དབྱངས་སུ་བཀུག་སྟེ་སྣང་བ་རྒྱས།།

དགུང་གི་ཕུན་ཚོགས་ཇི་སྙེད་སྨིན་དྲུག་འདྲ།།

མཐོང་བ་ཤིན་ཏུ་མོས་ཤིང་ཡིད་དུ་འཕགས།།

སྣ་ཚོགས་ལས་ཀྱི་འཚོ་བར་སེམས་ཀྱི་ཚབ།།

ཤོག་སྟེང་ཡིག་འབྲུའི་ལྷན་དུ་གར་འཁྲབ་སྟེ།།

ཉམས་ཀྱི་རི་མོ་ཚོགས་སུ་མཛེས་སྡུག་ཀུན།།

སྟོང་པའི་མེ་ཏོག་ཅིག་ཏུ་ཡང་ཡང་བསམ།།

ངག་རིག་བདེ་བའི་འགྲོས་སུ་སྣང་བ་བརླན།།

ཞེན་ཆགས་སྟུག་པོའི་ཁྲོད་དུ་ནར་སོན་ཡོད།།

དྲན་པ་ཆུ་བཞུར་རིང་མོ་བྲེལ་འཚུབ་ངང་།།

ཉེ་བའི་ཕར་ཚུར་བརྩེ་འདང་ཁོག་ཏུ་འཁྲུངས།།

ལས་འཕྲོའི་མིག་ཟུང་གཉོམ་པོ་འགོག་མེད་དུ།།

ལན་ཆགས་དུ་མའི་གསེབ་ཏུ་ཀུན་དགའ་བའི།།

སྒྱུ་མའི་སྣང་བརྙན་ཚོགས་སུ་རྨི་ལམ་བཞིན།།

བདག་ལ་ན་ཚོད་གཅིག་གི་རྒྱུད་རིམ་ལས།།

སྨོན་ལམ་སྟོང་དང་འབུམ་གྱིས་ཚོར་བྱུང་འཁྱིལ།།

གཅིག་རྗེས་གཅིག་གི་རྗེས་སུ་མཐོང་བ་མཚར།།



  • ལེ་ཚན་སྔོན་མ།:བོད་ཀྱི་གཉེན་སྒྲིག་ལས་བོད་ཀྱི་ལས་དབང་མངོན་སྟངས་ཤིག
  • ལེ་ཚན་རྗེས་མ།:རྩོམ་པ་པོ།