མགོ་ནག་བོད་ཀྱི་དད་མོས།

པདྨ་ལྷ་མཛེས།        2022-01-21

གཅིག

མི་ལོ་སྟོང་ཕྲག་གི་ཡར་སྔོན་དུ། བོད་མི་རིགས་ནི་ཤེས་རིག་གི་ཆུ་ཚད་ཞན། ཐོན་སྐྱེད་ཀྱི་ལག་རྩལ་མེད། ཚན་རིག་གི་འདུ་ཤེས་ཉམས་པས། འཇིག་རྟེན་ཁམས་ཀྱི་རང་བྱུང་སྣང་ཚུལ་དང་འབྱུང་བཞིའི་གནོད་འཚེ་དག་ལ་ངོས་འཛིན་གསལ་པོར་བྱེད་ཐུབ་ཀྱིན་མེད། ཁོ་ཚོས་བསམ་པར། འཇིག་རྟེན་ཁམས་འདི་བདག་ཏུ་བཟུང་བའི་ལྷའང་བྱེད་པོ་གཞན་ཞིག་ཡོད་པ་དང་། དེ་ཉིད་ལ་རང་བྱུང་ཁམས་ལས་འདས་པའི་རྫུ་འཕྲུལ་དང་སྟོབས་ཤུགས་ཁྱད་པར་ཅན་མངའ་བར་སྙམ་ཏེ། དེ་དག་ལ་མཆོད་བཀུར་དང་གསོལ་འདེབས། རྙེད་བཀུར་དང་ཞབས་ཕྱི་ལེགས་པོ་བྱས་ན། སོ་སོའི་ཁ་ལས་དགེ་བར་མགོན་སྐྱབས་དང་གདོང་གྲོགས་མཛད་ལ། གལ་ཏེ། དད་ལོག་དང་འཚེ་བའི་ལས་བགྱིས་ཚེ། བར་ཆད་དང་གོད་ཆག་སྣ་ཚོགས་འབྱུང་བའི་འདུ་ཤེས་ཤིག་ཆགས་ཡོད། དེ་ནི་བོད་མི་རིགས་ཀྱང་མི་རིགས་གཞན་དང་འདྲ་བར་རང་བྱུང་ཁམས་ཀྱི་སྣང་ཚུལ་དག་དམ་པའི་ལྷ་ཡིས་བྱེད་ལས་སུ་སེམས་པའི་ངོས་འཛིན་ཞིག་རེད།

དེ་བཞིན་ལོ་རྒྱུས་ཀྱི་དེབ་ཐེར་དག་ཕྱེས་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི་བོད་མི་རྣམས་ཀྱིས་ལྷ་ཡི་རྣམ་པ་རུ་སྦྱར་ནས་བཤད་པ་ཡིན་ལ། གནམ་གྱི་ཁྲི་བདུན་སོགས་བོད་ཀྱི་རྒྱལ་པོ་དག་ལའང་བོན་ཆོས་ཀྱི་ཤུགས་རྐྱེན་འོག། ཁོང་རྣམས་སྐུ་གཤེགས་པའི་སྐབས་སུ། སྟེང་ལྷ་ཡུལ་གྱི་རྨུ་ཐག་འཇུས་ནས་གཤེགས་པས་སྐུ་གདུང་མཐོང་དུ་མེད་ཟེར་བ་ལས། རྒྱལ་པོ་ནི་བཙན་པོའམ་ལྷ་རུ་བཀུར་བ་ཤེས་ཐུབ། རྒྱལ་པོ་འདས་གྲོངས་སུ་སོང་རྗེས། མཆོད་གསོལ་བྱེད་པའི་ལུགས་སྲོལ་ལ་ཕྱིས་སུ་འགྱུར་ལྡོག་ཕྲན་བུ་ཙམ་མཆིས་ནའང་། བཙན་དང་རྒྱལ་པོ་ཞེས་འཇིགས་འཇིགས་དང་སྐྲག་སྐྲག་བྱེད་པ་ལས་ཡུལ་ལྷ་གཞི་བདག་བྱུང་བའང་གྲགས།

དུས་དེ་ཤེད་ཅིག་ནས་བཟུང་། བོད་མིའི་བསམ་བློའི་འཁྱེར་སོ་དང་། འདུ་ཤེས་འཛིན་སྟངས་སོགས་ལ་གཞལ་དུ་མེད་པའི་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཐེབས་ཡོད། དེའང་གདོད་མའི་དུས་སྐབས་སུ་རི་ཆུ་ནགས་གསུམ་ལྷ་རུ་འཛིན་ནས་མཆོད་བཀུར་དང་དད་གུས་བྱེད་པ་སྟེ། རི་ལ་གནས་པའི་རྩི་ཤིང་དང་སྲོག་ཆགས། ཆུ་མགོ་དང་ཆུ་མིག། ས་རྡོ་དང་བྲག་རི་ཐམས་ཅད་བླ་ཤིང་དང་བླ་སྲོག་ཏུ་ངོས་འཛིན་ཞིང་། ཆུ་མགོ་ལ་གནོད་པ་ཐེབས་ན་ཀླུ་ལ་ཕོག་ཐུག་བུད་པ་དང་། ས་རྐོ་རྡོ་སློག་བྱས་ན་ས་བདག་ལ་ཕོག་ཐུག་བུད་དེ། མི་ལ་བར་ཆད་དང་གོད་ཆག་འབྱུང་བར་སྙམ་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ངན་ན་ས་དང་ལམ་ཡང་ངན་ཞེས་པ་ལྟར། ཀུན་ལ་བསམ་བཟང་དང་སྤྱོད་བཟང་བཅུངས་ནས། རང་ཉིད་ཀྱང་ཁ་ལས་དགེ་བར་བརྩོན་བཞིན་ཡོད།

གཉིས།

དེ་ཡང་ཇི་སྐད་དུ། གནམ་གྱི་ནི་དབུས། ས་ཡི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ་ཁུངས། རི་མཐོ་ས་གཙང་ཞེས་བསྟན་པ་ལྟར། ང་ཚོ་གངས་ཅན་ཁ་བའི་ལྗོངས་སུ། གངས་དཀར་པོ་ཤེལ་གྱི་མཆོད་རྟེན། ཆུ་དྭངས་གསལ་གཡུ་ཡི་མེ་ལོང་། ཐང་ཡངས་པོ་མུ་མཐའ་བྲལ་བ། ནགས་རྒྱ་རྫོང་ལྷུན་དུ་སྟུག་པོ་སོགས་རང་བྱུང་ལྷུན་གྱིས་གྲུབ་པའི་གནས་མཆོག་དག་གིས་ཕྱོགས་ཀུན་བརྒྱན་ནས་ཡོད་པས། བོད་མི་དག་གི་སེམས་སུ་འདི་ལྟར་གྱི་རང་བྱུང་གི་སྣོད་བཅུད་ཀུན་ནི། ང་ཚོས་གཙུག་ཏུ་བཀུར་བའི་ཡུལ་ལྷ་ཆོས་སྐྱོང་དང་། ས་ཐོབ་སེམས་དཔའ་བཅས་སུ་ངོ་འཛིན་བྱེད་བཞིན་ཡོད། རྒྱུ་མཚན་དེས་ན། བོད་མིས་ཡུལ་ལྷར་མཆོད་བཀུར་དང་། དད་མོས་བྱེད་པ་ནི་ཤིན་ཏུ་གལ་ཆེན་ཞིག་ཏུ་བརྩི། དཔེར་ན། ངའི་ཨ་མྱེ་གཅིག་པུར་ལ་མཚོན་ནའང་དུས་རྒྱུན་དུ་ཡུལ་ལྷ་མཆོད་བསྟོད་ཆད་མེད་བྱེད་བཞིན་ཡོད་ལ། ལྷག་པར་དུ་ཉ་སྟོང་ཚེས་བརྒྱད་དང་། ཉིན་བཟང་ཚེས་བཟང་། ལོ་སར་གྱི་དུས་ཆེན་གྱི་སྐབས་སུ། ཆོ་ག་ཆོས་སྤྱོད་ཀྱིས་ཡུལ་ལྷ་ཆོས་སྐྱོང་རྣམས་ལ་མཆོད་འབུལ་དང་མཆོད་བསྟོད་པ་གང་ཐུབ་བྱེད་ཀྱིན་ཡོད།

དེ་ཡང་ལོ་སར་གྱི་དུས་ཆེན་ཏེ། ལོ་སར་ཚེས་གཅིག་ཉིན་མོ་དེའི་ཆེད་དུ། ཨ་མྱེ་དང་ཨ་ཕས་ཉིན་གཉིས་གསུམ་གྱི་སྔོན་ནས་རྒྱ་ནག་མ་ཎི་ལས་རྒྱལ་མཚན་རྩེ་མོ། དབང་སྡུད་གསོལ་འདེབས། རིགས་གསུམ་མགོན་པོའི་རྡོ་བརྐོས་ཆོས་ཡིག་དང་། དར་ལྕོག། རླུང་རྟ། ཤུག་པ། འབྲུ་སྲན་སྣ་ལྔ་སོགས་མང་དུ་བླུས་རྗེས། དེར་བླ་མའི་མདུན་ནས་རབ་གནས་དང་སྨོན་ལམ་ཞུས་ཏེ། ཚེས་གཅིག་ལྷའི་ཉིན་ལ་རྒྱབ་རི་ཕུན་ཚོགས་སྟག་རྩེའི་རི་རྩེར་བསང་གསོལ་གྱི་མཆོད་བསྟོད་བྱེད་པར་སྟ་གོན་ཕུན་སུམ་ཚོགས་པོར་བྱེད།

ཚེས་གཅིག་ལྷའི་ཉིན་དེར། ཨ་ཕ་དང་ཨ་ཁུ། ཨ་ཞང་སོགས་ཞོགས་པའི་དུས་ཚོད་བཞིའི་ཐོག་ལྷན་དུ་འདུས་ཤིང་། ཁ་ལ་མར་དྲི་བྲོ་བའི་རྩམ་པ་དང་། རྒྱབ་ལ་རང་ཚུགས་དོད་པའི་བོད་ཆས་གྱོན་ཏེ། ལྷག་བསམ་རྣམ་དག་གིས་གསོལ་འདེབས་སྨོན་ལམ་རྒྱག་གིན་མཆོད་རྫས་སྣ་ཚོགས་ཁུར་དེ་རྒྱབ་རི་ཕུན་ཚོགས་སྟག་རྩེའི་རྩེར་འཛེག་འགྲོ། རི་སྐེད་ལ་ཐོན་རྗེས། བསང་མཆོད་བྱེད་པའི་སྐད་སྒྲས་ལུང་ཆུང་དེ་གང་ནས་ཡོད་པས། བསང་མཆོད་བྱེད་དུ་ཡོང་མཁན་ཡང་རྒྱུན་མི་ཆད་པར་ཡོད་པ་མངོན་གསལ་གྱིས་ཤེས་ཐུབ། རི་རྩེར་བསླེབས་རྗེས་ཐོག་མར་བསང་མཆོད་ཅིང་བསང་སྐོར་རྒྱག་པ། རྡོ་བརྐོས་ཀྱི་ཆོས་ཡིག་དང་དར་ལྕོག་སོགས་རིམ་བཞིན་དུ་རི་མགོར་སྒྲོན་ཞིང་མཆོད་པར་བྱེད་པ། དེ་ནས་རིམ་གྱིས་རླུང་རྟ་སོགས་དགུང་ལ་སྤུར་བཞིན། ཀི་ཀི་བསྭོ་བསྭོ་ཡི་ཁ་གཡང་བསྒྲགས་ཏེ་ཡུལ་ལྷ་གཞི་བདག་དང་བཀའ་སྲུང་ཆོས་སྐྱོང་རྣམས་ལ་གསོལ་འདེབས་དང་སྐྱབས་སྨོན་ཡང་ཡང་ཞུ་སྲིད།

གསུམ།

སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན། བོད་མིའི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་སེམས་ཁམས་ལ་འཕོ་འགྱུར་ཆེན་པོ་བྱུང་སྟེ། ཡུལ་སྲོལ་ལ་ལ་ཞིག་ཉམས་རྒུད་དུ་སོང་རུང་། ཡུལ་ལྷ་གཞི་བདག་ལ་མཆོད་བསྟོད་བྱེད་སྲོལ་ནི་སྔར་བཞིན་མ་ཉམས་པར་གནས་ཡོད།

དེང་གི་འཛམ་གླིང་ཧྲིལ་པོར་མིའི་རིགས་ཀྱིས་ཚན་རིག་ལག་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་བཏང་ཡང་། རང་བྱུང་ཁོར་ཡུག་གི་ཉམ་ཆགས་ལ་དོ་སྣང་བྱེད་ཚད་ཇེ་ཉུང་སོང་བ་དང་། དེ་བཞིན་ཕྱིའི་དངོས་པོའི་འཕེལ་རྒྱས་ཁོ་ན་གཙོ་བོར་འཛིན་པ་ལས། ནང་བསམ་པའི་དཔལ་ཡོན་བཟང་ཕྱོགས་སུ་འགྲོ་བར་དོ་སྣང་མི་བྱེད་པའི་སྣང་ཚུལ་ཞིག་མངོན་བཞིན་ཡོད། འོན་ཀྱང་། ང་ཚོ་བོད་མི་རིགས་ནི་གནའ་ནས་ད་བར་རང་རེའི་སྲོལ་རྒྱུན་རིག་གནས་ལ་དད་མོས་རྣམ་དག་ཡོད་པའི་མི་རིགས་ཤིག་ཡིན་རྐྱེན། རི་ལ་རི་ལྷ། ཆུ་ལ་ཆུ་ལྷ། ནགས་ལ་ནགས་ལྷ་སོགས་གནས་པའི་འདུ་ཤེས་འཛིན་ནས་ཡོད་པས། དེ་དག་ལ་མཆོད་བཀུར་དང་སྲུང་སྐྱོང་ཕུན་སུམ་ཚོགས་པོར་བྱེད་པ་ལས། རི་ཆུ་ནགས་གསུམ་ལ་གཏོར་བཤིག་མི་བྱེད་ལ། དེ་དག་ལ་གནས་པའི་སྲོག་ཆགས་ལའང་འཚེ་བ་མི་བྱེད། གལ་ཏེ། གནོད་འཚེའི་རིགས་བྱུང་ན་གསོན་ད་འོང་དུ་གནས་ཚེ་འདུག་མི་སྐྱིད། ཚེ་ཕྱི་མར་འགྲོ་ཚེ་ཆོས་མེད་འགྲོ་སྙམ་པའི་ཀུན་སློང་བཟང་པོ་ཞིག་འཛིན་ནས་ཡོད་པས། དེས་སེམས་ཅན་གཞན་ལ་ཕན་བདེ་བསྐྲུན་པའི་འདུ་ཤེས་དེ་ཉིད་སྲ་འཐས་སུ་བསྒྱུར་བ་ཅི་ལ་མིན་ཨང་།

མདོར་ན། མགོ་ནག་བོད་ཀྱི་དད་མོས་ནི་གཙང་ཆབ་འབྱུང་སའི་ཆུ་མིག་ཡིན། སྔོ་ལྗང་སྐྱེས་སའི་ས་གཞི་ཡིན། གངས་རི་གནས་སའི་ལྷུན་པོ་ཡིན།



  • ལེ་ཚན་སྔོན་མ།:སེམས་ཀྱི་རླུང་འཕྲིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།