ཨ་མའི་ལག་ཟས།

ཀུན་མཁྱེན་གྲགས་པ།        2022-01-14

ཞོགས་པ་འདིར་ངས་འཆར་ཀའི་གཟི་འོད་མ་མཐོང་།དྲ་ཡོལ་གྱི་ཟུར་ཙམ་ཕར་འཐེན་པས་ཉི་མའི་ངོ་གདོང་ད་དུང་རི་རྩེ་རུ་འཕགས་མི་འདུག།མཐོང་ལམ་རབ་རིབ་ཏུ་མི་ཞིག་གིས་ཁང་བའི་སྒོ་དལ་གྱིས་ཕྱེས་ཤིང་།ངའི་གམ་དུ་བཅར་ཏེ་ལག་གཡས་པས་གོ་རེ་བག་ལེབ་ཅིག་དང་།ལག་གཡོན་པས་ཆུ་ཁོལ་ཕོར་བ་གང་བསྣམས་ནས་དལ་མོར་ཐོན་བྱུང་།བག་ལེབ་དང་ཆུ་ཁོལ་སྔས་མགོར་བཞག་ཅིང་།ཚ་དྲོད་མ་ཉམས་གོང་ལ་བཏུང་རྒྱུ་མ་བརྗེད་ཅེས་ཟེར།ངས་ཚ་ལམ་ལམ་བྱེད་པའི་བག་ལེབ་ཟོས་ཤིང་ཆུ་ཁོལ་འཐུང་།ཡང་ནངས་མོར་བཏུང་རྒྱུའི་སྨན་རིལ་དེ་བསྟེན་པ་ཡིན།འསི་ལྟར་ཡང་འཁོར་བསྐྱར་འཁོར་གྱི་ཉི་མ་ག་ཚོད་ཅིག་འདས་ཡོད་དམ།

ཨ་མ་རྟག་པར་བཞོ་ཕྱུགས་དཀར་ལས་དང་།ལྕི་འཕུད་ཐང་ལས་སོགས་ཕྱི་ནང་གི་ལས་ཀ་ཙག་ཙིག་གི་བར་ཀློང་ན་དབུགས་ངལ་གསོ་ཁོམ་དེ་ཙམ་མེད་ན་ཡང་།ཞོགས་པ་སྔ་མོ་ནས་ང་ལ་དུས་ལྟར་སྨན་མ་བཏུང་སྔོན་གྱི་གོ་རེ་བག་ཙམ་དང་ཆུ་ཁོལ་བཅས་སྔས་མགོར་བསྐྱལ་ཡོང་བར་མ་ཟད།ཉིན་གཅིག་གི་ཟས་ཐུན་གསུམ་པོར་ངའི་ཁམས་དང་མཐུན་པའི་ཟ་མ་ཏག་ཏག་ཅི་ནུས་ཀྱིས་བསྐོལ།རྣམ་ཀུན་ང་རང་ཉི་འོད་སྒེའུ་ཁུང་དུ་འཕྲོ་དུས་ལངས་ཏེ་ཁྱིམ་དུ་ཐོན་པ་ན་ལྕགས་ཐབ་སྟེང་དུ་གོ་རེ་བག་ལེབ་ལྔ་དྲུག་རེ་དྲོས་སུ་བཅུག་ནས་བཞག་འདུག། སྔོན་ཆད་ཟས་ཐུན་གཅིག་ལ་ཟ་མ་ཆད་ནས་གོ་རེ་ཟ་དགོས་ཚེ་སེམས་སུ་མི་འདོད་པའི་འཁང་ར་མང་དུ་འཐེན་མྱོང་།ད་སྐབས་གོ་རེ་བག་ལེབ་ཚ་མོ་འདི་དག་ཆུ་ཁོལ་དང་སྦྱར་ནས་ཟོས་ན་ཞིམ་སྣང་ཡན་གར་བ་ཞིག་གདའ།ཨ་མདོའི་ཡུལ་གྱི་རི་མའི་གོ་རེ་ལ་གོར་དྲི་ཟེར་བ་ཞིག་ཡོད་པ་ཡང་དངོས་སུ་ཚོར་ཐུབ་པ་བྱུང་།འདི་ནི་ཨ་མས་བསྲེགས་པའི་གོ་རེ་ཡི་བྱིན་རླབས་ཡིན་ཟེར་ནའང་ཆོག་ལ་སྔོན་ཆད་ཤེས་མ་བྱུང་།ཉིན་གུང་ཨ་མས་མཚམས་མཚམས་ཤ་ཐུག་བསྐོལ་ཅིང་མཚམས་སུ་སྔོ་ཚལ་རྔོ།ད་དུང་གྲོ་མ་འབྲས་སིལ་ཡང་བཙོ།དེ་དུས་ངས་ཨ་མས་གཡོས་སྦྱོར་བྱས་པའི་ཟ་མ་དག་ལ་ཞིམ་སྣང་ཆེན་པོ་ཞིག་བཅངས་མ་མྱོང་།ཨ་མས་གཡོས་སྦྱོར་བྱས་པའི་ཟ་མ་སྟབས་བདེ་དེ་རིགས་ཀྱིས་མགུ་ཀུན་ནས་ཀྱང་མ་གང་བར་ཟ་ཁང་དང་།བརྙན་འཕྲིན་ནང་གི་མ་བྱན་དག་གིས་ལས་པའི་ཁྲ་ཁྲ་རིག་རིག་གི་ཟ་མ་དག་ལ་འགྲམ་ཆུ་ལྡང་།བྱིས་བློ་ཟེར་བ་དངོས་ནས་དེ་འདྲ་ཞིག་རེད།རང་ལ་ཅི་འདྲའི་རྩེད་ཆས་ཡག་པོ་ཞིག་ཡོད་ན་ཡང་།རྩེད་རོགས་ཚོའི་རྩེད་ཆས་དེ་དག་ལ་སྨོན་པ་ཚད་མེད་སྐྱེས་མྱོང་།དགོང་དྲོར་ཨ་མས་ཤ་མོག་དང་ཆུ་མོག། ལ་སེར་གྱི་མོག་མོག་སོགས་བཅོ་བར་བྱེད།ཡང་མཚམས་རེར་འཐེན་ཐུག་དྭངས་མོ་དང་ཤ་རྩིབ་རུས་སོགས་མཉམ་དུ་ལྡུད།དེ་དུས་ད་དུང་ཤ་ཐུག་སོགས་ཀྱང་ཚིལ་ཞག་ཁ་བ་བཅས་ལ་ཁ་གཡར་ཏེ་འཐུང་མ་འདོད་པར་ལོགས་ཤིག་ཏུ་བསྐྱུར་བ་དྲན་འོང་།ད་སྐབས་ངས་ཨ་མའི་ཟ་མ་འདི་དག་མི་བསྟེན་རང་བསྟེན་ཡིན་ལ།བསྟེན་ན་ཡང་ཞེ་དྲག་འདོད།བསྟེན་པས་ཟས་ཀྱི་དང་ག་ཡང་འབྱེད་བྱུང་ལ་ཕུང་བོའི་སྟོབས་ཀྱང་རྒྱས་བྱུང་།ཨ་མས་བསྐོལ་བའི་འབྲོག་ཟས་རྣལ་མ་འདི་དག་ཡུན་གྱིས་བློ་དང་རྒྱུ་མ།སེམ་ས་དང་བསམ་པས་ལོངས་སུ་སྤྱད་ན།ལུས་སེམས་གཉིས་གསལ་ཐང་ངང་འཚར་ལོངས་འབྱུང་བར་གདོན་མི་ཟ།འདི་ལྟར་ཅི་ཞིག་ལ་ངེས་འབྱུང་སྐྱེས་པ་ལྟ་བུའི་སྐད་ཆ་ཞིག་ཐལ་དོན་ཡང་།ལར་ངས་ཟ་བཞིན་པ་ཆེས་སྤྱིར་བཏང་གི་འབྲོག་ཟས་ཏེ།སྐྱེ་བོ་ཕལ་མོ་ཆེ་ཡི་བཟའ་བཅའ་ཡིན་མོད།འོན་ཀྱང་འདི་ནས་བརྩིས་པའི་ལོ་གསུམ་གྱི་སྔོན་དུ་ཕྲན་གྱིས་ལོ་གཅིག་ལྷག་ལ་སྐྱ་ཟས་སྐྱ་ཆུ་རྐྱང་རྐྱང་ལ་བསྟེན་ནས་ཡོང་བ་རེད།དེ་ལྟར་བསྟེན་དོན་ཡང་མཐར་གཏུགས་ན་ཟ་མ་ཟེར་བ་དེ་ལ་ཐུག་འདུག།

ཕྱིར་དྲན་གྱི་གཞུ་མོ་ནང་དུ་བཀུགས་ན་ཆུང་དུས་སུ་ངས་ཨ་མས་སྐོལ་བའི་འོ་ཚ་མངར་མོ་དང་ཤ་ཁུ་ནུར་མོ།རྩམ་པ་སྣུམ་པོ།ཤ་མོག་བཅུད་པོ།འོ་ཞོ་ཞིམ་པོ་སོགས་ལ་ཁ་གཉེར་སྣ་གཉེར་བྱས་ཤིང་།ཨ་ཕས་བྱིན་པའི་སྐམ་ཤ་བྲང་མགོ་དང་སྐེ་ཚིགས།གཡོས་རྒྱུ་ནང་ཁྲོལ་སོགས་ཀྱི་བཟའ་བཅའ་བཅུད་ཅན་སྣུམ་ཅན་དེ་དག་ཀྱང་ཁ་ཐུག་སྣ་བསྣམས་ཙམ་དང་།བསོད་ཟད་རྐྱང་རྐྱང་བྱས་ཏེ་འོང་བ་རེད།དེར་བརྟེན་ཨ་མས་རྒྱུན་པར་ཁྱོད་ལ་ཁ་འདེམས་ཆེ་བ་དེ་གོམས་སྲོལ་ངན་པ་ཞིག་ཡིན་ནི་རེད།དེ་ལྟར་བྱས་ན་འཚོ་བཅུད་ཀྱིས་འདང་རྒྱུ་མ་རེད་ཅེས་སེམས་ཁྲལ་བྱས་མྱོང་།རྗེས་སུ་སློབ་གྲྭ་འགྲོ་ཁར་ཡང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སློབ་གྲྭ་ནས་ཟས་ལ་ཁ་འདེམ་མ་བྱེད།སློབ་གྲྭ་རུ་ཡུལ་ནང་བཞིན་ཁ་གང་ཞིམ་དང་གང་འཕྲོད་ཡོད་ནི་མ་རེད།བོད་རང་གི་ཤ་མར་རྩམ་གསུམ་ཟོ་དང་བདེ་ཐང་ལ་ཡང་ཕན་ཞེས་ཞལ་ཏ་མང་དུ་གནང་མོད།དེ་དུས་ཀྱི་ངས་ཕ་མ་གཉིས་ཀྱིས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ངང་བཤད་པའི་སྐད་ཆར་དོ་སྣང་ཆེན་པོ་མ་བྱས་པར་རྣ་རྒྱབ་ཀྱི་ལྷགས་པ་བཞིན་དོར་བ་རེད།

རིམ་བཞིན་སློབ་ཆུང་སོགས་འགྲིམ་དུས་འབྲོག་ཕྲུག་བྱིངས་དང་འདྲ་བར།ཞོར་ཟས་སམ་གད་སྙིགས་ཀྱི་ཟས་རིགས་ཆ་མ་ཆོ་རིགས་དེ་དག་ལ་སྤྱང་ལྟོག་ཤ་ལ་རྔམ་པ་ལྟར་འཁྲེང་ཞིང་ཆགས།ལྷག་པར་སློབ་གྲྭ་འཚོག་དུས་དང་གྲོལ་དུས་སོགས་སུ་སྒོར་རྡོག་རེ་འགའ་ལག་ཏུ་རག་ཚེ་མྱུར་སྟབས་ཀྱིས་ཚོང་ཁང་དུ་འཛུལ།ཞོར་ཟས་ཁ་ཚ་ཡི་རིགས་དང་བསྲེགས་མའི་རིགས།ཝུ་སོབ་སྐོམ་ཆུ་སོགས་ཁུག་མ་དང་ཁུག་མ་བྱས་ཏེ་ཉོས་ཤིང་ཟོས།ད་དུང་སློབ་གྲྭ་རུ་ཡོད་དུས་ཀྱང་ལན་རེར་རང་གི་ལྟོ་དང་ཁ་ཡི་དབང་ལ་མ་ཡོང་བར་སློབ་གྲྭའི་ར་སྐོར་གྱི་གྱང་ཁ་ནས་ལྡིང་སྟེ།ཕྱི་རུ་ཞོར་ཟས་ཉོ་རུ་སོང་མྱོང་།ལྷག་པར་དགུན་གཞུང་གི་མཚན་མོ་ཞིག་ལ་སློབ་གྲྭའི་ཕྱི་རུ་བྲོས་ཤིང་།ཞོར་ཟས་ཉོ་བར་སོང་སྟེ་ཁྱི་ལྡོམ་གྱིས་བདའ་བ་སོགས་ནི་ད་སྐབས་དྲན་ཚེ་གད་མོ་འཆོར་ལ་སྐྱི་གཡའ་བ་ཞིག་ཀྱང་རེད།སྐབས་དེའི་སློབ་མ་བྱིངས་ནི་ཧ་ལམ་དེ་འདྲ་རང་རེད།ལྷག་པར་སློབ་གྲོགས་བུ་མོ་ཚོ་ཅུང་ཐུ་བར་ངེས།ཇི་ལྟར་བཀགས་ཀྱང་མི་ཁོག་པ་ནི་མིའི་གཉུག་གཤིས་ཀྱི་དུག་གསུམ་ཡིན་པ་འདྲ།སྔོན་མར་སློབ་གྲྭ་རུ་ཚོང་ཁང་ཆུང་ཆུང་ཞིག་ཡོད་མོད།རྗེས་སུ་ཁྱིམ་བདག་གི་བསམ་འཆར་དང་དགེ་རྒན་འགའི་རེ་ཞུ་ལྟར་མེད་པར་བྱས་བྱུང་།དེ་ནས་སློབ་མ་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་།མངོན་ལྐོག་གང་རུང་ནས་ཞོར་ཟས་ཤིག་འཚོལ་ཐབས་ལ་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་ནས་ཡོད་པ་རེད།ཐ་ན་ཉིན་གྱི་སློབ་ཁྲིད་དང་མཚན་གྱི་གཉིད་ལམ་གཉིས་སུ་ཡང་དེ་འབྲེལ་གྱི་དྲན་པ་ལྷོག་ལྷོག་འཕྱུར།ངའང་དེ་ཚོའི་ཁྲོད་ཀྱི་གཅིག་ཡིན།དམའ་འབྲིང་གི་སྐབས་སུ་ངའི་སློབ་གྲོགས་ཤིག་གློ་བུར་ང་ཚོ་དང་རྒྱང་དུ་གྱེས་སོང་།དེ་ཡང་མཐར་གཏུགས་ན་གད་སྙིགས་ཞོར་ཟས་ཟེར་བའི་གཤེད་མ་དེར་ལན་པ་རེད།རིམ་བཞིན་ཞོར་ཟས་དང་འབྲེལ་བའི་ནད་རིགས་གསར་བ་ཐོས་རྒྱུ་འདུག་པར་མ་ཟད།བྱིས་པ་ལ་ལར་བཅོས་ཐབས་མ་བྱུང་བ་དང་ལ་ལར་གསོ་བཅོས་བྱེད་པ་སོགས་ཁྱིམ་ཁ་རུ་སྡེ་རུ་ཡང་ཡང་ཡང་ཐོས།

ལོ་རེ་འགའི་སྔོན་ནས་བཟུང་བོད་ཁུལ་དུ་གད་སྙིགས་ཟས་རིགས་ལ་གཟབ་དགོས་ཚུལ་གྱི་དྲིལ་སྒྲོག་མ་ཎི་འདོན་འདོན་བྱས་བྱུང་བར་མ་ཟད།ངེད་ཀྱི་ཉེ་འཁོར་ཀུན་ཏུ་ཡང་དེ་འདྲའི་ཚ་རླབས་ཤིག་འཕྱུར་གྱིན་གདའ།དེ་ནི་དངོས་ནས་དགའ་འོས་པའི་དོན་ཞིག་ཅི་ལ་མིན།རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པའི་འདུ་ཤེས་ཆགས་ཚེ།ང་ཚོས་ད་གཟོད་ཚེ་སྲོག་གི་སྟོབས་ཤུགས་བསྔོགས་འདོན་བགྱིས་ཏེ་རང་ཉིད་ལ་མཚར་སྡུག་བསྐྲུན་ཐུབ་པ་འདྲ་ལ།དེ་ནི་ཕ་མར་དྲིན་ལན་འཇལ་སྟངས་བཟང་ཤོས་ཤིག་ཏུ་ཡང་འདོད།སེམས་ཞིབ་མོས་འདང་ཞིག་དང་བློ་ནན་མོས་རྩིས་ཤིག་དེད་ན།ང་རང་འདི་ལྟར་གཟུགས་པོ་ཐང་ཐང་ངང་ནར་སོན་ཞིང་།ཤ་དར་ཁྲག་དར་གྱི་ན་གཞོན་ཞིག་ཏུ་ཆགས་པ་འདི་ནི་ཨ་མའི་ང་ལ་གཡོས་སྦྱོར་བྱས་པའི་བཟའ་བཅའ་དེ་དག་གིས་བསྐྱེད་པ་ཤེས་ཡོང་།ང་རང་ལོ་གསུམ་གྱི་ཡར་སྔོན་དུ་ཟས་དུག་གིས་གཙེས་ཀྱང་ཚེ་སྲོག་ལ་གནོད་པ་ཅི་ཡང་མ་ཐེབས་པར།ད་ལྟ་གཞི་ནས་སངས་དྲག་ཏུ་འགྲོ་བཞིན་པ་འདི་ཡང་ངས་ཕ་མ་དང་ནང་སྒོས་སུ་ཨ་མའི་“ལག་ཟས་”ལ་ཐུག་པ་རྟོགས་ཡོང་།

དངོས་ལུགས་རིག་པའི་ཁྱབ་ཁོངས་སུ་རང་ཉིད་རང་ཉིིིད་ལ་མི་དབང་བར་མཐའ་མེད་པའི་སྟོང་སངས་ཀྱི་བྱེད་ནུས་ཀྱིས་ཐེག་ཡོད་པ་ཞིག་བསྒྲུབ་རྒྱུ་ཡོད་ལ།སྐབས་དེར་དེའི་ཡང་སྙིང་ཅི་ཡང་མ་རྟོགས།ད་ནི་ངས་ཨ་མ་དང་འབྲེལ་བའི་ལྷུག་རྩོམ་འདི་འབྲི་མཚམས་སུ་གློ་བུར་དེའི་ཕྱོགས་ལ་བསམ་བློ་མི་གཏོང་ཀ་མེད་བྱུང་།དེ་ལས་ཀྱང་བདག་ཅག་གི་སྟོན་པའི་གསུང་ཞིག་ངའི་ཀླད་པར་ཡང་ཡང་འཁོར་འོངས།“ཁྱོད་ཀྱི་ཚེ་སྲོག་ནི་ཁྱོད་གཅིག་པུར་མི་དབང་སྟེ།ཚེ་སྲོག་སྦྱིན་མཁན་གྱི་མ་ཡུམ་དང་ད་དུང་ཁྱོད་ཉིད་གསོ་སྐྱོང་བྱེད་མཁན་གྱི་ཨ་ཕ་ལ་ཡང་དབང་བ་རེད།ཁྱོད་ཀྱིས་ཁོ་ཚོའི་བཀའ་དྲིན་འཇལ་ཐབས་མེད།ཁྱོད་ཀྱི་ཚེ་སྲོག་ནི་ཁྱོད་གཅིག་པུའི་མ་ཡིན་པར་དྲིན་ཆེན་གྱི་ཕ་མ་དང་བཅས་པའི་ཡིན།”



  • ལེ་ཚན་སྔོན་མ།:མ་ཡུམ་སློབ་གྲྭ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།