མྱི་རྐྱང་།

པདྨ་བཀྲ་ཤིས།        2021-12-20

དྲོད་གྲང་མི་སྙོམས་པའི་གྲོང་ཁྱེར་དང་སློབ་གྲྭ་འདིར་དེ་རིང་ཁ་བ་འབབ་བཞིན་འདུག། ཁ་བ་ནི་ལྷབ་ལྷུབ་ཏུ་བབ་པ་མ་ཡིན་པར་ཧྲ་ཚིགས་མེད་པའི་འདབ་མ་རེ་རེ་སྐྱོ་ཉམས་ཀྱིས་འཐོར་བཞིན་འདུག མི་སེམས་ལའང་སྡུག་བསྔལ་དང་གདུང་བ་རེག་བྱེད་ཀྱི་ཁ་བ་འདི་གཟས་ཏེ་མྱི་རྐྱང་གི་སེམས་སུ་ལྷུང་བཞིན་འདུག། ཅི་བྱེད་འདི་བྱེད་མེད་པ་དང་དམིགས་པ་མེད་པའི་མྱི་རྐྱང་གཞི་ནས་གྱུར་འདུག་སྟེ།ཉེ་འགྲམ་གྱི་ཁ་པར་ལ་ཧད་པའི་རྒྱ་མི་དག་གིས་ཀྱང་མིག་ཟུར་ལས་ལྟ་ཕོད་ཀྱི་མི་འདུག། ཁོ་བོས་ཉི་དབང་མགོན་པོའི་སྙན་ངག

༼ མཛའ་བོའི་སེམས་རྟེན༽ ཞེས་པར་བལྟ་བཞིན་ཚོར་བའི་འཁྲུག་སྦྱོར་རབ་ཏུ་རྒོད་ཚེ་སྙན་ངག་ལྟར་གྱེར་བཞིན་ཡོད། སྙན་ངག་གིས་ཁོ་རང་ནད་པ་ཞིག་ལྟར་བཅོས་ཐབས་མེད་པའི་ནད་རྙིང་ཞིག་ཕོག་གྲུབ་བཟོས་ཚར། སྐབས་རེར་སྙན་ངག་ལ་སྡིགས་མོ་བྱེད་ལ་དམོད་པ་ཡང་བོར་བཞིན་“ངས་བླ་སྲོག་འཁྱེར་ཤོག”་ཅེས་སྨྱོན་པ་ཞིག་ལྟར་ཨག་རིང་འདེབས་བཞིན་ཡོད།

“དེ་རིང་གི་ཁ་བ་འདི་གནམ་མཁས་གཟས་ཏེ་ང་ལ་གནང་བ་ཡིན། ཡུན་རིང་ལ་རྣམ་ཤེས་བོར་བའི་བདག་གིས་དེ་རིང་ཡང་བསྐྱར་སྙན་ངག་གྱེར་ཆོག་”ཅེས་ཉི་དབང་མགོན་པོའི་དཔེ་དེབ་རུམ་ལ་བཅུག་ནས་སློབ་ཁང་གི་ལམ་ལ་ཆས། ཉིན་རྒྱུན་གློག་ཀླད་དང་སྒྲ་སྒམ། ད་དུང་དཔེ་དེབ་འགའ་ཤས་མདུན་ཅོག་སྟེང་དུ་གོ་རིམ་མེད་པར་གཏོར་ནས་ཁ་པར་རྩེ་ལ། གློ་བུར་དུའང་གློག་ཀླད་ཀྱི་ཁ་ཕྱེས་ནས་བརྙན་འཕྲིན་ལ་ལྟ་བར་རྩོམ་ཞིང་ལག་མགོའི་དུས་ཚོད་ལ་བལྟས་ཏེ་སླར་ཡང་གླུ་དབྱངས་ཤིག་གཏོང་བཞིན་ཡོད། ཡིན་ནའང་གླུ་གཞས་ནི་རྡུང་ལེན་དང་དམངས་ཁྲོད་ཀྱི་གླུ་དབྱངས་གང་ཡང་མིན་པར་ཕྱིའི་རྒྱལ་ཁབ་ཀྱི་ཁེ་འུན་དང་བྷོ་བྷོས་ཏྲེ་ལེན་གཉིས་ཀྱི་གླུ་གཞས་ཤིག་བཏང་ནས་ཁ་པར་ངོས་སུ་ཟུག་འགྲོ སྐབས་རེར་ཁེ་འུན་ལ་ངོས་ནས་སྒྱུ་རྩལ་འདུག བྷོ་བྷོས་ཏྲེ་ལེན་ལ་ངོས་ནས་ཁྱད་ཆོས་འདུག་ཅེས་ཁེར་ལབ་རེ་བྱས་ནས་རྒྱ་མི་དག་ལ་(ཧྲེང་ཁུ་ཙོའོ)ཞེས་རྒྱ་སྐད་ཏ་མ་ཏིག་གིས་ཁོ་ཚོར་བརྡ་འཕྲོད་པར་བྱས་ནས་སློབ་ཁང་ནང་དུ་བུད་འགྲོ ཡིན་ནའང་དེ་རིང་ཁོ་བོས་རྒྱ་མི་དག་ལ་རྒྱ་སྐད་ཡང་མི་བཤད་པར་མ་ཟད་བརྡ་ཙམ་ཡང་མི་བྱེད་པ་འདི་ཡ་མཚར་ཞིང་ལོག་ཕེབས་གནང་བའི་ཡུལ་གྱར་བའི་སྤྲོ་སྣང་ཅི་བཞིན་ལྟ་ན་སྡུག།

གསུམ་ཐོག་གི་ཉལ་ཁང་ལས་མར་བབ་སྟེ་གླུ་གཞས་གསལ་ལ་མི་གསལ་བ་ཞིག་རྒྱང་རིང་ན་སྐྱོ་ངལ་གྱིས་བཟི་བོའི་ཚོགས་ལ་བསིལ་མོའི་རླུང་བུ་ལྡང་བ་བཞིན་ལེན་བཞིན་འདུག། ནམ་རྒྱུན་ལམ་འགྲམ་གྱི་སྡོང་བོ་ལས་ལོ་མ་རེ་བཏོག་ནས་ཁ་པར་གྱིས་པར་བླངས་ཏེ་སློབ་གྲོགས་དག་ལ་ཡག་པོ་འདུག་གམ་ཞེས་འདྲི་བཞིན་ཡོད། ཡིན་ནའང་དེ་རིང་དེ་དག་གཞི་ནས་བོར་འདུག། ཐ་ན་ལྗིད་ཏིག་ཏིག་གོམ་པའང་ནམ་རྒྱུན་དང་མི་འདྲ་བར་ཡང་ཟོར་ལྡན་ལ་ལྡེམ་མྱུར་གྱིས་འཁྱུག་པ་ཞིག་རེད། བུ་མོ་སྒེག་མ་ཞིག་གི་འཇོ་སྒེག་བཞིན་ཡིད་འཕྲོག་པ་ཞིག་ཀྱང་རེད། ཁ་བ་འབབ་མཚམས་བཞག་འདུག། སྐྱ་ཟད་ངོ་སྡུག་གི་ཁང་ས་ལེབ་མོ་འདི་གཡུལ་འགྱེད་ཀྱི་གཡུལ་ས་ལྟར་སྨུག་ལོང་གིས་ཁེངས་ཤིང་མཐོན་པོར་བསྒྲེངས་པའི་སྐར་ལྔའི་དར་ཆ་དེའང་ལྷབ་ལྷུབ་གཡོ་བཞིན་སུ་ཞིག་གི་རྒྱལ་ཁར་རེ་ཞིང་སྨོན་གྱི་འདུག། ཁོ་བོའི་མགྱོགས་མྱུར་གྱི་གོམ་པས་ང་ཚོ་ལ་བསམ་གཞིག་གི་བར་སྟོང་མ་གནང་བར་མག་མོག་དང་རབ་རིབ་ཀྱི་ཡིད་ངོགས་སུ་འཕྲུལ་སྣང་དང་མཚར་སྣང་གིས་བཀང་བར་བྱས། ལྷིང་འཇགས་ཀྱི་བར་ཁྱམས་དང་སློབ་ཁང་དུ་ཁོ་བོས་དབུགས་ཀྱི་རྒྱུ་བ་ལས་ཅི་ཡང་ཐོས་རྒྱུ་མེད་ལ་བྲེལ་འཚུབ་དང་ཞེད་སྣང་གིས་ཁེངས་པའི་གོམ་སྟབས་ལས་མི་འདུག། ཁོ་བོ་ད་དུང་ལྷོད་ལ་འབབ་ཐུབ་ཀྱི་མི་འདུག། སྟར་ཕྲེང་ལྟར་བསྒྲིག་པའི་མདུན་ལྕོག་རེ་རེའི་སྟེང་གི་གྲུ་བཞི་བཀོད་བདེ་བའི་དཔེ་དེབ་ཀྱི་སྟེང་དུ་འོད་ཀྱིག་ཀེར་འཚེར་ཡོང་བ་ནི་རྒྱ་ཡིག་ཡིན་ནའང་ཁོ་བོས་མིག་ལམ་དུ་དབྱངས་གསལ་སོ་བཞིའི་རྩེད་མོ་རྩེ་བཞིན། ཀ་ཁ་ག་ང་། ཨོ་ཡིག་བཅས་མགོ་སྔ་མེད་པར་བརྙན་འཕྲིན་ནང་གི་ལྷ་དང་ལྷ་མོ་རྣམས་གནམ་མཁར་འཕུར་བའི་བཟོ་ལྟ་བཞིན་ལང་ལོང་དུ་གཡོ་བཞིན་འདུག། ཡུད་ཙམ་ན་མིག་ལམ་དུ་རྒྱུ་བའི་སྐར་མ་དང་ཟངས་སྐུད་རེ་རེ་ཡང་སྣང་བརྙན་དུ་གྲུབ་སྟེ་སློབ་ཁང་ནང་གི་དངོས་པོ་རྣམས་ཇེ་གསལ་ནས་ཇེ་གསལ་དུ་གྱུར། སྒོ་སམ་ནི་རྒྱ་མོའི་ངོ་གདོང་ནང་བཞིན་གཙང་ཞིང་ཡི་གེའི་རྣམ་ཤེས་ཙམ་ཡང་མེད་པ་མཐོང་རྗེས་ལག་པར་ཟ་འཁྲུག་ཡོང་ཞིང་མྱུར་མོར་ས་སྨྱུག་གི་སྒམ་ཡོད་ས་དེར་བརྒྱུགས། ས་སྨྱུག་ལ་མདོག་གསུམ་འདུག་སྟེ་དཀར་པོ། དམར་པོ། སེར་པོ་བཅས་ཡིན། ཁོ་ལ་འདང་རྒྱག་ཅི་ཡང་མེད་པར་ས་སྨྱུག་དཀར་པོ་ཞིག་བླངས་ནས་བཞི་ཆའི་གསུམ་བགོས་ཤིང་ཆ་གཅིག་ལག་ཏུ་བཟུང་སྟེ་འབྲུ་ཚའི་ཡིག་གཟུགས་ཀྱིས་མཛའ་བོའི་སེམས་རྟེན་བྲིས། རང་ཉིད་ཀྱི་མིག་ལ་བདེ་ཞིང་ཡིད་ལ་འབབ་པའི་ཡི་གེ་འདི་ཆེས་འདྲེས་ལོབས་སུ་སོང་བའི་གྲོགས་པོའི་ནང་སེམས་བཞིན་ཡིད་དུ་འོངས་ཤིང་ལྟ་ན་སྡུག། བྲིས་ཚར་རྗེས་གོམ་པའི་འདེགས་འཇོག་དལ་ཞིང་དབྱངས་འགྲོས་གཉོམ་པའི་གླུ་གཞས་ཤིག་དང་བསྟུན་པ་འདྲ་བར་ལྷོད་ལྷོད་ངང་འདུག་སྟེགས་སུ་བསྡད། རུམ་ནས་དཔེ་ཆ་བླངས་ཤིང་རྒྱ་ཡིག་གི་དཔེ་ཆ་དེ་དག་གི་གྲས་སུ་གཡུག། ཡིད་སྐྱོ་བའི་གདོང་གིས་ལྷིང་ཞིང་འཇགས་པའི་སློབ་ཁང་ལ་སྔར་ལས་ལྷག་པའི་སྐྱོ་ཉམས་ཀྱིས་ཁེངས་པར་བྱས། བརྩེ་དུང་གི་དྲག་ཏུ་སྐྱོམ་པའི་གཞོན་ནུ་མའི་སེམས་མངལ་བཞིན་ཁོ་བོའི་༼ མཛའ་བོའི་སེམས་རྟེན༽ ལའང་བདག་པོ་མེད་པར་གྱུར། གྲ་འགྲིག་དང་གོ་རིམ་ཅི་ཡང་མེད་པའི་སྒོ་ནས་སྙན་ངག་ཅིག་གྱེར། “བདག་གིས་དྲག་ཏུ་སྐྱོམ་པའི་རྦ་རླབས་ཀྱི་རྒྱ་མཚོ་བརྒལ་བཞིན་ཉི་འོད་ཀྱིས་གྲུབ་པའི་གླིང་ཕྲན་དེར་སླེབས་ཡོང་”ཞེས་མིག་བཙུམ་ནས་ཡུན་རིང་ལ་ལུས། སྐབས་དེར་བྲག་ཅ་བཞིན་འཁོར་བའི་སྒྲ་དབྱངས་ནི་སྙན་ཞིང་འཇེབས་ལ་ཁོ་བོའི་ནང་སེམས་ལ་ཡང་བསྐྱར་སིམ་པས་ཁེར་རྐྱང་གི་སྣང་བ་རབ་ཏུ་རྒོད་པར་གྱུར། ཡིན་ནའང་ཁོ་བོའི་ནམ་ཡང་ཁེར་རྐྱང་ལ་མྱོང་རོལ་བྱེད་བཞིན་བདེ་སྐྱིད་ལ་འགྲེལ་བཤད་རྒྱག་བཞིན་ཡོད། དེ་ནི་མྱི་རྐྱང་གི་ཕུགས་བསམ་དང་འཚོ་བའི་འགན་འཁྲི་རེད།

མྱི་རྐྱང་གིས་རང་ཉིད་ལ་འོས་མེད་བྱས་མ་མྱོང་ལ་འགན་འཁྲི་ནམ་ཡང་བརྗེད་ཐུབ་ཀྱིན་མི་འདུག།

  • ལེ་ཚན་སྔོན་མ།:རང་གིས་སོམས།
  • ལེ་ཚན་རྗེས་མ།:རྨི་ལམ་གྱི་རྟ་ཕོ།