རྨི་ལམ་གྱི་རྟ་ཕོ།

སྒོ་རང་གྲོལ།        2021-12-20

གློག་འོད་མ་ཟིམ་པའི་ཁྱོད་ཀྱི་སྔུར་བ་བདག་གི་གོམ་འགྲོས་ལ་ཡུད་ཙམ་འགྲོགས། དེ་ནས་རྩྭ་ཐང་གི་བྲང་ཁ་སྔས་སུ་བྱས་ཤིང་རྨི་ལམ་གྱི་རྟ་ཕོར་ལྕག་གིས་བྲབས་ནས་གྲོང་ཁྱེར་གྱི་གནས་མལ་འཚོལ་ཞོར། རང་ཁྱིམ་དུ་གད་དར་ཐེངས་ཤིག་བྱས་པ་དང་། རྒྱང་རིང་གི་རྐང་ལམ་ཕྲ་མོར་ཡང་ལྟ་ཞིག་བྱས་ནས་སྒེའུ་ཁུང་གི་ཡོལ་བ་བསུམ།

གཉིད་མི་ཁུག་པའི་ང་ནི་རྨི་ལམ་གྱི་གནམ་བདག་གིས་བཅོམ་པ་དང་། མཚན་གང་གི་སྨག་རིམ་ལ་མགོ་བོ་གླན་ནས་དུས་ཚོད་བསྐྱལ་བ་ནི། གཞུང་ལམ་ནས་རླངས་འཁོར་ཞིག་ཐག་རིང་ལ་བསྐྱོད་པ་ཇི་བཞིན་ཇི་འདྲའི་ངལ་དུབ་ལྡན།

སྐད་ཆས་འདྲུད་ཐབས་བྲལ་བའི་རྡོ་བ་དེ་ནི་ཅི་འདྲའི་ལྗིད་ཅིང་ལྗིད་ལ། ཕྱིར་ལོག་པའི་ལམ་བུ་དེ་ཡང་སྐྱ་རེངས་མ་བཀྱག་པའི་མུན་པ་དང་མུན་པའི་གཡང་གཟར་ཙམ།

རྨི་ལམ་གྱི་ཁ་དོག་འཇའ་ཚོན་ལྟར་བཀྲ་ཞིང་། འཇའ་ཚོན་འདྲ་བའི་ལས་དབང་གི་ཕར་ཚུར་ནས་ཐག་རིང་གི་གོམ་སྒྲ་ལ་འོལ་ཚོད་ཀྱིས་ཨེ་ཚོར་བལྟས། སྐྱིད་སྡུག་གནམ་ངོ་འདྲ་བར་ཕུ་འདེབས་མང་པོ་བྱས་ཤིང་། མིག་ཆུའི་གཙང་བོ་ལས་ལོ་ཟླའི་རབ་ཁ་ཡང་ཐེངས་མང་མཇལ། མུ་མཐུད་དེ་སྐྲ་ལོའི་ལན་བུ་བསྡམས་ཤིང་རྐང་མགོའི་ལྷམ་ཧྲལ་བོར་ནས། རང་སེམས་ཀྱི་ས་གཞི་གཤགས་པའི་རྟ་མཆོག་གི་རྗེས་སུ་ཡང་ཡང་བསྙེགས། ཉི་མ་མང་པོ་ཞིག་ཀྱང་ཐག་རིང་གི་སྤྲིན་རྒྱབ་ཏུ་ཡང་ཡང་ཡལ།

མ་གཞི། ཕ་ཡུལ་མིན་ཡང་ཕ་ཡུལ་འདྲ་བར་སྐྱོད་པའི་སྐྱེ་བོ་ནི་ཧ་ཅང་མང་། དེ་ནི་ཐེ་ཚོམ་གྱི་ནམ་མཁར་གནམ་གྲུ་འཕུར་བ་དང་། བློ་རྫུ་བའི་འཆལ་མོར་དགའ་རོགས་སྒྲིག་པ་དང་མཚུངས་པས། ངས་ཡིག་ཚོགས་ཀྱི་མཐའ་འཁོབ་ནས་ཐོན་པའི་ཐལ་བ་དག་མེ་རུ་བསྒྲོན། སེམས་དམ་པའི་བླ་འགུགས་ཀྱི་ཆོ་ག་ཡང་ཅི་རིགས་བསྒྲུབས།

ཁྱོད་ནི་སྔར་བཞིན་རྨི་ལམ་དམར་པོའི་མཐའ་ལ་དམ་དུ་འཁྱུད་ཅིང་། གྲོང་ཁྱེར་གྱི་འཇིག་རྟེན་ནམ་འཇིག་རྟེན་གྱི་གྲོང་ཁྱེར་ལག་མཐུས་མནན་ཞིང་རྐང་པས་བཅག། རྩྭ་ཐང་གི་དབུགས་རྒྱུན་འགག་པའི་ཁྱི་རྒན་ཞིག་མིག་མཐའི་སྲང་ལམ་དུ་འཕངས་ཤིང་། ནང་མ་ཁང་གི་རོལ་རྩེད་དང་གཏམ་ཅོལ་ལ་མཆོར་ཉམས་ཀྱིས་ཞུགས།

འོད་དང་འོད་ཟེར་འཚུབ་པའི་ལོ་ཟླ་འདི་དག་གི་རིང་ལ། ཡང་ན་རྨི་ལམ་དང་འཁོར་བ་གྱེས་པའི་རོལ་དབྱངས་ཀྱི་ཁྲོད་ནས་སམ། དྲི་མེད་ཀྱི་ཆགས་འཇིག་ལ་གཏད་པའི་ཚེ་སྲོག་ཅིག་གི་མདུན་ནས། ཁྱོད་ཀྱི་ལྷ་ཁང་གི་ལྡེབས་ངོས་སུ་ཆུ་ཀླུང་གིས་བསྐོར་བའི་རྡོ་འདམ་གྱི་གཞིས་ཀ་ཞིག་ཤར།

དེ་ནས་བཟུང་། ཁྱོད་ནི་ཉི་འོད་མེད་པའི་ལོ་རྒྱུས་དང་འཇམ་རོལ་མེད་པའི་གནའ་གྲོང་དུ་གྲུབ།

དེ་ནས་བཟུང་། ཁྱོད་ཀྱིས་མུན་ནང་གི་འཇིག་རྟེན་མང་པོར་རྨི་ལམ་གྱི་གདོང་ཁེབས་ཕྱེ།

འདི་ལྟར། རྨི་ལམ་གྱི་རྟ་ཕོས་འཇིག་རྟེན་ན་དཀོན་པའི་ཆུ་སྨན་ཁམ་གང་བཏུང་བ་ནས་བཟུང་། གདོད་མའི་རི་སྲིབ་ཀྱི་ཤིང་སྡོང་ཞིག་ལ་ཁེན་ནས་ཤོ་རྡེའུ་ཞིག་མཁའ་ལ་འཕངས་པར། རྒས་ཀྱིན་པའི་ལོ་ཟླ་གྲངས་མང་ཚེ་སྲོག་གི་དབྱིངས་སུ་འོད་ཀྱི་ཆུ་ཤེལ་གྱིས་བཏེགས་ཟིན་པ་ཚོར། མིག་གི་རྒྱལ་མོ་གཡོ་བ་མེད་པར་ནུབ་ཕྱོགས་ཀྱི་དཀར་འོད་ལ་ཤོར་རོ།།

རྟག་ཏུ་ངུ་ཆོག་ལ་རྟག་ཏུ་དགའ་ཡང་ཆོག་པའི་རྨི་ལམ་གྱི་རྟ་ཕོ་ཨང་།

འདི་ནི་གནའ་བོའི་སྙན་མགུར་ནང་གི་རྟ་ཕོ་ནད་པ་ཞིག་གི་རྨི་ལམ་དུ། རྫོགས་མཐའི་སྙན་ཚིག་མང་པོ་ཡིད་འགྱུའི་བང་རིམ་དུ་བལྟམས་ཤིང་། སྟོན་པའི་ཆོས་དོན་མང་པོ་སྣང་བའི་རི་ངོས་སུ་ཤར་བའི་ཚ་དྲག་གི་བརྒྱུད་ཁུངས་ཡིན།།

  • ལེ་ཚན་སྔོན་མ།:མྱི་རྐྱང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།