ཚིག་རྒྱན་གྱི་གར།

ཁམས་པ་རབ་དབྱངས།        2021-12-20

ཚིག་རྒྱན་ཁྲོད་ཀྱི་མེ་ཏོག་འདི། །

འཆར་ཡན་ངོས་སུ་ལྡིང་སྐོར་བྱེད། །

སྐད་ཅིག་འཛུམ་པའི་སྣང་སྟོང་ལ། །

ཏིང་འཛིན་སྒྱུ་མའི་རླུང་གཡོལ་ནས། །

ལོ་མའི་རྡུལ་ཕྲན་ཡང་ཡང་སྒུལ། །

སྙན་ངག་ལུས་ཀྱི་ཆ་ཤས་སྟེང་། །

རྣམ་རྟོག་ཆུ་བོའི་རླབས་རིས་མངོན། །

དབྱངས་དང་ཚིག་གི་དར་ཐག་ལ། །

སྒྱུ་འཕྲུལ་སྣང་བའི་ཚོགས་གླུ་ལ། །

ཐོད་བརྒལ་ཚིག་གི་སྙན་ངག་འབྲི། །

ཞེ་གླུ་ངག་གི་འདར་དབྱངས་འདིས། །

ཚོར་བའི་ཁ་དོག་ཡང་ཡང་བྲན། །

རྣམ་རྟོག་སྨྲེང་བའི་མིག་ཆུ་བྱིན། །

ཚེ་འཛིན་གསོལ་བའི་སྙན་ངག་འདི། །

མི་ཕྱེད་དབྱངས་ཅན་བརྡ་གླུ་ཡིན། །

ཚོར་འདུ་སྨག་གི་རབ་རིབ་འདི། །

ཡི་གེའི་ཚོགས་སུ་འཆར་རྗེས་སུ། །

ང་ཡི་རྨི་ལམ་གོང་རོལ་ནས། །

ངལ་དུབ་ཚིག་གི་གྲིབ་བསིལ་དག །

དབྱངས་ཅན་ལྷ་མོའི་སྒོམ་གཏོཊ་སོ། །

སྒེའུ་ཁུང་འདི་ཡི་འཆར་ངོས་སུ། །

རྣམ་རྟོག་སྤུ་རིས་ཡང་ཡང་གཡོ། །

སྒྱུ་འཕྲུལ་ཚིག་གི་འགྱུ་བ་ལ། །

ལྷོད་ཀྱིས་གདངས་ལ་དཀྲོལ་བའི་ཚེ། །

ང་ཡི་ཚོགས་དྲུག་ལྷོད་ཀྱིས་འཇགས། །

སྣ་ཚོགས་ཚིག་གི་དྲི་བཞོན་འདི། །

རླུང་བུ་སིལ་སིལ་ལྡང་རྗེས་སུ། །

པདྨ་ཚལ་གྱི་འདབ་མ་དག །

སྙིང་དུ་སྡུག་པའི་ཡིད་ཁ་ནས། །

ཚེ་ཡི་གོ་རིམ་མངོན་གྱི་འདུག །

ཚིག་ལ་བཏང་བའི་གཟུཊ་འགྱུར་འདི། །

དབྱངས་ལ་བསྐུས་པའི་འགྲོས་མ་ཡིན། །

འདུ་བྱེད་མཚོན་པའི་སྙན་ངག་དག།

བདག་གི་འཆར་ཡན་སྒེའུ་ཁུང་དུ། །

ཚིག་རྒྱན་རླངས་པ་འཐོར་གྱིན་འདུག །

སྔར་བཞིན་ཁྱེད་སྐུ་ཟླ་བ་ལ། །

ཉི་མའི་འོད་མདངས་ཡང་ཡང་འཕྲོས། །

ང་ཡི་ལན་གཅིག་མཐོང་བའི་ཚེ། །

ཡིད་ལ་སིམ་པའི་སྨིན་དྲུག་དེ། །

ཚེ་ཡི་དབུ་ཐོད་ངོས་སུ་བྲིས། །

ཨེ་མ་ཚིག་གི་ངག་རིག་ལ། །

དབྱངས་ཀྱི་དྲ་བ་རབ་ཏུ་འཚེར། །

མགུར་མའི་ཞལ་ཐང་བྲིས་པ་ན། །

ཟླ་བའི་གདོང་ཉིད་ཡང་དུ་འཁོར། །

འཛུམ་པའི་འོད་ཀོང་ཡིད་ལ་ལྷུང་། །

ལྷོད་ཀྱིས་ཆགས་པའི་འཛུམ་ཟུར་ལ། །

ཟུར་མིག་སྤྱན་རིལ་དལ་གྱིས་ཕྱེས། །

མ་རྙིང་བརྩེ་བའི་ཡིག་འབྲུ་ལ། །

སེམས་ཉིད་སྣང་བ་ཅི་ལྟར་ཕབ། །

སྐྱོ་བའི་གདུང་བ་ཇི་ལྟར་འོང་། །

  • ལེ་ཚན་སྔོན་མ།:དྲང་སྲོང་རྒན་པོའི་སྐྱེས་རབས་མཚོ་བྱུང་ལྷ་ མོའི་དོ་ཤལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།