མགུལ་རྒྱན།

        2021-12-13

ཡུལ་འཇིག་རྟེན་སྒྱུ་མའི་ཐང་ཆེན་རེད། །

ཐང་ཆེ་ཆུང་འཚོ་བའི་གར་སྟེགས་རེད། །

གར་མཉམ་འཁྲབ་དགོས་པ་སྔོན་ལས་རེད། །

ལས་ལུས་ལ་འཁོར་ན་འདི་འདྲ་རེད། །

ཁྱོས་དུང་བ་མཚོན་པའི་མགུལ་རྒྱན་ཏེ། །

གཡུ་དྲུག་དཀར་ལག་རྟགས་མ་གནང་ངམ། །

མདང་རྨི་ལམ་དགའ་བའི་དན་རྟགས་རེད། །

ཤ་རུས་ལ་ཐུག་པ་ཡང་རྟགས་རེད། །

རྟགས་རྟེན་འབྲེལ་ཡོད་པའི་བརྡ་རྟགས་ལ། །

ཡིད་མདའ་མོ་ཁྱོད་ལ་ཟུག་པ་རེད། །

ངས་སེམས་པ་འཁྲེང་པའི་འཁྲེང་རྟགས་ལ། །

ཡང་བརྩེ་བའི་ཡིག་ཆུང་མ་སྐུར་རམ། །

ལོ་ཟླ་བར་མི་འཕྲད་དམྱལ་བ་རེད། །

གསུང་སྙིང་གཏམ་མི་ཐོས་སྨྲེང་བ་རེད། །

ཡིད་གཏིང་ནས་མི་བོར་སྒུག་པ་འདི། །

སེམས་བརྩེ་བ་འདྲེས་པའི་བག་ཆགས་རེད། །

ལར་བས་མཐའི་གྲོང་གི་བས་མཐའ་ནས། །

ངས་ཁྱོད་རང་ཡང་ཡང་གླེང་གི་ཡོད། །

“ས་འཇིག་རྟེན་རྩེ་ཡུལ་དགོད་ཡུལ་རེད། །

བརྒྱ་ལན་ཚིགས་རྩེ་ནེ་དྲན་ཤིང་རེད། །

ངའི་བརྩེ་བའི་བརྩེ་གྲོགས་ཁྱོད་རང་རེད། །

གཏན་རྩེ་རྒྱུ་མི་ཡོང་སྡུག་ཅིག་རེད། །

སྡུག་ཁོག་པར་ཁེངས་ཀྱང་སྙིང་སྡུག་ཁྱོད། །

ལོ་རྒས་པའི་བར་ནས་བསམ་གྱི་ཡོད། །

ལུས་གནས་པ་ལ་དང་ལུང་པ་རེད། །

སེམས་བསམ་པའི་རེ་མདུན་མཉམ་གཅིག་རེད། །

འདང་ཞེ་རྩིས་ཟབ་པའི་རོགས་ལོ་མ། །

གཞི་འཁོར་བའི་ཞིང་གི་ཉི་མ་ཡིན། །

ངའི་ཚེ་རབས་གཅིག་གི་དྲན་ཤིང་ཡིན། །

ངའི་ཡིན་ཡང་ང་ལ་མི་འཕྲད་ཀི། །

འདི་བསམས་ན་ཞེ་སེམས་ཆུ་ལས་གྲང་། །

༼ ཕོ་ལྷ། ༽


  • ལེ་ཚན་སྔོན་མ།:ནོངས་འགྱོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།