རང་སྡེར་གྲོས་སུ་ཕུལ་བའི་གཏམ།

འཁོན་སྲས་རྣོ་ཟེར།        2021-12-10

ཀ་དག་གནས་ལུགས་སྒོམ་པའི་གྲྭ་བཙུན་དང་།།

ཁ་རྒྱབ་ཁོ་ནར་མདུར་བའི་རོང་འབྲོག་སོགས།།

ག་ས་གང་དུ་འགྲོ་རྒྱུ་ཉུང་ཉུང་བྱོས།།

ང་ཚོར་མཁོ་བ་བདེ་ཐང་མི་ཚེ་ཡིན།།

ཅ་ཅོའི་གསར་འགྱུར་སྟོང་གིས་དྲྭ་ལམ་ཁྱབ།།

ཆ་ལུགས་གཙང་མའི་ངང་དུ་མ་བསྡད་ན།།

ཇ་ཆང་ཟས་ལ་རོལ་བའི་སྐལ་བ་སོགས།།

ཉ་གང་ཟླ་བ་གཟའ་ཡིས་བཟུང་དང་མཚུངས།།

ཏ་ཐཱ་གཱ་ཏའི་བསྟན་པའི་གདུགས་དཀར་འོག།

ཐ་ཤལ་མི་ལ་འབྲེལ་བ་ཉུང་དུ་ཐོངས།།

ད་ལྟའི་དུས་ཀྱི་འགོས་ནད་སྔོན་འགོག་འདི།།

ན་ཚོད་རྒན་གཞོན་མེད་པར་འགན་འཁྲི་ཉིད།།

པ་པིར་ཟེར་བའི་ཁ་ཆེ་ཁག་ཅིག་གིས།།

ཕ་རོལ་ཞིག་ནས་ནང་འདྲེན་བྱས་པ་ཡི།།

བ་སོགས་གང་གི་ཤ་ཡིན་མི་ཤེས་བའི།།

མ་རབས་སྣ་འདྲེན་དེ་ཚོར་དོགས་ཟོན་མཛོད།།

ཙ་རིར་གནས་སྐོར་བྱེད་པར་འགྲོ་བ་དང་།།

ཚྭ་སོགས་ལོ་སར་ཅ་ལག་ཉོ་དགོས་ཀྱང་།།

ཛ་དྲག་ཏོག་དབྱིབས་ནད་ལ་མ་གཟབ་ན།།

ཝ་མ་ཝོ་ལ་ཉེན་ཁ་འབྱུང་ངེས་རེད།།

ཞ་དང་ཞོར་ལ་འདྲ་མིན་ཟས་ལ་གཟོབས།།

ཟ་འཐུང་བྱེད་དུས་ཁ་ལག་གཙང་མ་ཁྲུས།།

འ་ཅག་ད་སྐབས་འདུག་ཤེས་མ་བྱས་ན།།

ཡ་མཚན་ཏོག་དབྱིབས་ནད་འདི་སྲོག་ལ་གཟན།།

ར་བ་གངས་ཀྱིས་བསྐོར་བའི་བྷོ་ཊ་པ།།

ལ་ལུང་གང་དུ་འཚོ་བ་གཉེར་བའི་དུས།།

ཤ་རིགས་འདྲ་མིན་མ་ཉོ་རང་སྲུང་གིས།།

ས་ཁྱབ་རྡོ་ཁྱབ་ནད་ལ་རྟག་པར་འཛེམས།།

ཧ་ཅང་སྙན་ཆ་དབེན་ཡང་སེམས་ཀྱི་གཏམ།།

ཨ་གསར་རིང་སྤང་ཚོར་བའི་ཆ་ཙམ་ཞིག།

ཧ་ལམ་སྐར་མ་བཅུ་ལྷག་བེད་སྤྱད་དེ།།

ཨ་རོགས་རིགས་མཐུན་ཡོངས་ལ་འཕྲིན་དུ་བསྐུར།།

  • ལེ་ཚན་སྔོན་མ།:བོད་ཆེན་པའི་མཛངས་བློན་བདུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།