སེམས་པ་ཕར་འགྲོ།

གངས་ཟེགས།        2021-12-03

མེ་དཔུང་ནང་དུ་འཛུམ་པའི་བུ་མོས།།

སེམས་པ་སྟོང་གི་ལན་ཆགས་ཁུར་བས།།

ཚོར་བའི་ན་ཟུག་གཟུགས་སུ་གྲུབ་ན།།

མི་ཁ་ལྕི་མོས་སྡང་མིག་བགྲད་ཡོང་།།

སེམས་ཀྱི་དམ་ཚིག་འཛུམ་གྱིས་ཁྱེར་བས།།

མི་བཟོད་དཀའ་བའི་ལས་ཀྱིས་བསྒུལ་དུས།།

འཁོར་བའི་མེ་དཔུང་ཚ་གཟེར་ཅན་གྱིས།།

གདུག་རྩུབ་བདུད་ཀྱི་ངོ་བོ་བསྟན་ན།།

སོ་དཀར་དུང་གི་རང་མདངས་བར་ནས།།

སྙན་འཇེབས་ངག་ལ་ཞེན་ཆགས་འབར་བས།།

ཚིག་དོན་སྒྱུ་མའི་འཇིག་རྟེན་གསང་བ།།

མ་བཅོས་ཅིག་ཅར་མངོན་དུ་མཐོང་ན།།

སྲིད་པའི་འཇིགས་རུང་བརྒལ་བའི་མོད་ལ།།

རྨི་ལམ་འཇའ་ཚོན་རི་མོ་བཀྲ་བས།།

ཏིང་འཛིན་བྱིས་པའི་མིག་ཟུང་ངོས་ལ།།

གཞི་མེད་རྩ་བའི་སྣང་བ་མ་བྱུང་།།

མི་སྡུག་མཛེས་པའི་བསླུ་ཐག་བཙན་པོས།།

ངལ་དུབ་སྲིད་པའི་སྲང་ལམ་ཁྲིད་པས།།

རྔམ་སྐྲག་ལས་ཀྱི་གཏུམ་དྲག་རྒོད་པོས།།

མི་ཚེའི་ལམ་ཁ་རྩེ་གཅིག་མ་ཐོན།།

འཁོར་བའི་མེ་ཏོག་ཁྲ་ལམ་བཞད་པའི།།

སྒྱུ་རྩལ་ཚན་ཁ་འབར་བའི་ཐང་ལ།།

སྔོན་འདྲིས་སེམས་ཀྱི་རྟ་ཕོ་མཐུར་མེད།།

སྐྱི་སེར་རླུང་ལ་འགྲན་ནས་འཕུར་སོང་།།

ཕར་བལྟས་རི་ཆུའི་གསེར་མོ་གཞུང་ལ།།

རྨི་ལམ་བུ་མོས་ཤུགས་གླུ་འཐེན་པ།།

སེམས་པ་ཐབ་ཀའི་མེ་ཕུང་ནང་ནས།།

ལག་ཟུང་དྭངས་མོས་ཟིན་ན་འདོད་ཨང་།།

  • ལེ་ཚན་སྔོན་མ།:དམངས་གཞས་ཤིག་ལ་ཉན་ཞོར་ཆུང་གྲོགས་དྲན་པ།
  • ལེ་ཚན་རྗེས་མ།:ཉི་རྒས་གྲིབ་མས་གཙེས་པའི་སེམས་འགྱུ།