ཚིག་གི་ཆར་འཇམ།

གུ་དཔལ་ཤིས།        2021-12-01

མིག་གི་རྒྱལ་མོའི་ནང་ན།།

ཚེ་ཡི་འོད་ཟེར་བབས་པས།།

རྨི་ལམ་བྱེ་བ་ཁྲག་བརྒྱ།།

རི་སུལ་ཁུད་ན་བཞེངས་པ།།

ལས་ཀྱི་ལྕགས་རི་དགུ་སྐོར།།

སྣང་བའི་ཞེ་རུ་ལུས་པ།།

ཤ་དང་མཆིན་པས་གླེང་འོང་།།

རྟེན་འབྱུང་གྲིབ་མའི་འཆར་ཡན།།

སྒྱུ་མ་ཟློས་པའི་ལེ་འུ།།

ནམ་གཞུང་སྣང་བ་མཛེས་པས།།

ཞེ་ཡི་མཆིན་པའི་གྲོང་ན།།

གློ་སྙིང་ལྷོག་ལྷོག་གདུ་བའི།།

ཤ་རུས་ཆུ་ཚན་མ་གཏོགས།།

སུས་ཀྱང་གདུ་ཚོད་མ་རེད།།

སྨུག་ལོང་ཟིལ་བ་བྲན་པས།།

ཡིད་ཀྱི་རླབས་རིས་སྐྱོམ་པ།།

ལས་ཀྱི་ནམ་མཁའ་ཁེར་མོ།།

ཡངས་བའི་གཞིས་ཀ་བསྐྲུན་ཞིང་།།

སྣང་བའི་ཉི་ཟླ་ཚེས་ཏེ།།

སྤྲིན་པའི་སྦྲང་ཆར་བྱོ་ནས།།

འཚོ་བའི་གེ་སར་བཞད་བྱུང་།།

ལས་ཀྱིས་འཛོམས་པའི་ཕ་ཡུལ།།

ཡིད་ཀྱི་རི་མོར་བརྐོས་ཡོད།།

འཇམ་ཤའི་ཁུད་ཀྱི་རེག་བྱ།།

སེམས་ཀྱི་ཚོར་བས་མྱོང་བ།།

ལས་ཀྱི་རླུང་བུས་མ་གཏོགས།།

སུས་ཀྱང་ཚོར་ཚོད་མ་རེད།།

སུ་ལ་གསལ་ཚོད་མ་རེད།།

སྒོ་དར་རླུང་གི་གྲིབ་གཟུགས།།

སྣང་བའི་ཞེ་རུ་ལྷེམ་དུས།།

ཆར་འཇམ་འོད་ཀྱི་ཟིལ་བ།།

ཤ་རུས་གདན་ལ་སིམ་པ།།

ཡིད་གཞུང་ནམ་མཁའ་མ་གཏོགས།།

སུ་ལ་རྒྱུས་མངའ་མེད་པ།།

ལས་ཀྱི་ཕྲ་རྒྱན་ཡིན་ཤག།

ནམ་གུང་ཟུག་པའི་སྒོ་ཁྱིས།།

དགུང་གི་སྐར་ཚོམ་གསལ་འོང་།།

ཡིད་ཁམས་འཇགས་པའི་ཟླ་འོད།།

ཞེན་ཆགས་དབྱངས་ལ་བཏེགས་ནས།།

དུས་ཀྱི་སྣང་ཁམས་རོལ་མོ།།

འཚོ་བའི་གཙང་བོར་འདྲེས་ནས།།

ལྗོངས་ཀྱི་མེ་ལོང་འཛུམ་འོང་།།

ཡུན་ཐུང་མི་ཚེ་འོད་ཞགས།།

ག་ཙམ་འཚོ་བ་ཅི་ཆ།།

སྔུན་གྱི་ལྗོངས་དང་གྲུ་ཁ།།

དགའ་སྐྱོ་ཁངས་ཆར་གཉིས་འཚུབ།།

ཞེ་དང་དྲན་པས་མྱོང་ཞོད།།

ལས་ཀྱི་ནམ་གཞུང་ཟད་རུང་།།

དེ་ཙམ་འཐུས་པས་འཚེངས་ཡོད།།

ལུས་ཀྱི་ཡན་ལག་རྣམ་ལྔ།།

ཁོག་གི་དོན་ལྔ་སྣོད་དྲུག།

རུས་ལྷུ་སུམ་བརྒྱ་དྲུག་ཅུ།།

རྩ་འདབ་བྱེ་བ་བརྒྱ་ཕྲག།

འཚོ་དབུགས་ཉི་ཁྲི་སུམ་སྟོང་།།

མྱོང་བའི་ཚོགས་དྲུག་སྣང་བ།།

ཁྱོད་ཀྱི་ཡུལ་ཁམས་བྱེད་ཆོག།

སྐར་ཆུང་སུམ་གཉིས་དྲུག་ཅུ།།

དུས་ཚོད་སྐར་ཆ་དྲུག་ཅུ།།

ཉིན་མཚན་ཆུ་ཚོད་ཉེར་བཞི།།

ཉིན་ཞག་སུམ་ཅུ་ཟླ་བ།།

ཟླ་བ་བཅུ་གཉིས་ལོ་གཅིག།

ཚེས་ཞག་སུམ་བརྒྱ་དྲུག་ཅུ།།

ཁྱོད་ཀྱིས་སྣང་ཁམས་རྔུབ་ཆོག།

ཉིན་གྱི་འགྲོ་འདུག་སྤྱོད་གསུམ།།

མཚན་གྱི་གཉིད་དང་རྨི་ལམ།།

སྔུར་བ་ཕྲ་སྦོམ་ཡན་ཆད།།

ནོམ་ཆེན་ལས་བསོད་མེད་ཀྱང་།།

ཤ་རུས་རྐང་གསུམ་བཙགས་ནས།།

བཅུད་ཀྱི་ཡང་སྙིང་བསྡུས་ནས།།

འཚོ་བའི་གཞིས་ཀ་འཛུམ་ཆོག།

བསིལ་རླུང་ཡིད་ལ་སིམ་པ།།

ཡུལ་གྱི་རྟེན་འབྲེལ་འཛོམས་འདྲ།།

དུས་ཀྱི་དྲོ་གྲང་འཚམས་པ།།

ཡིད་ཀྱི་འདབ་ལོ་འཛུམ་ལེ།།

ཆར་གྱི་ཁྲུས་གསོལ་སྙན་པ།།

ཚེ་རབས་ལས་སྐལ་འདི་རུ།།

སྐྱེས་པའི་དུས་སྐར་ཡག་པ།།

  • ལེ་ཚན་སྔོན་མ།:སྙན་ངག་ལ་དགའ་བའི་རང་ཉིད།
  • ལེ་ཚན་རྗེས་མ།:གྲིབ་མ།