ང་ཆུང་དུས་བྱིས་པ་པྲ་ཚགས་ཤིག་ཡིན།

གཞི་ཚང་ཟླ་བ་གྲགས་པ།        2021-11-19

ཀ་ར་མ་གཏོགས་མི་དགོས་བྱིས་པ་ཡི་དུས་ཚིགས།།

ཁ་ཡིས་ཁོག་པོ་ཕྱུག་པའི་ཡོན་

ཏན་ཞིག་མ་བསླབས།།

ག་ལེར་ཕྱིར་ཡོང་མེད་པར་ལོ་ཟླ་ནི་བཞུད་པས།།

ང་དང་ང་འདྲའི་བུ་ལ་ཕྱིས་འགྱོད་ཀྱིས་ཕངས་བྱུང་།།

ཅ་ཅོ་འདུ་འཛིར་དགའ་ཞིང་ལྷས་

མཐའ་ནས་བརྒྱུགས་ཏེ།།

ཆ་མེད་ཕྱོགས་ཡོང་མགྲོན་པོར་སྣ་གཉེར་རེ་བྱེད་ཞོར།།

ཇ་ཐུན་ཉལ་ཐུན་རེར་ཡང་འབར་

ཤ་ལ་རོལ་ཡང་།།

ཉ་དང་ཉེའུ་ཆུང་འཛིན་ལ་ངེས་

འབྱུང་ཞིག་མ་སྐྱེས།།

ཏ་ལེན་གཅིག་བརྟེན་ཡིན་པའི་མཐུན་སྒྲིལ་ནི་ལྟ་ཅི།།

ཐ་དད་བྱིས་པའི་ཚོགས་དང་རྡུག་རྡེག་ཀྱང་བྱེད་པ།།

ད་དུང་འདི་ཡིས་མི་ལངས་ཉེས་ཚོགས་ལ་མོས་པའི།།

ན་ཆུང་བྱིས་པའི་དུས་ནི་བག་མེད་ཀྱི་བག་མེད།།

པ་ཏྲའི་རི་མོ་ལྟ་བུའི་རྣམ་རྟོག་གི་འཕྲོ་འདུ།།

ཕ་སྐད་མ་ཡིག་དུང་བའི་རྣམ་དག་ནི་མ་ཡོད།།

བ་གླང་ཕྱུགས་ལས་དམན་པའི་སྒོ་

གསུམ་གྱི་འཆལ་སྤྱོད།།

མ་ཡུམ་སེམས་ངལ་སྐྲུན་པའི་དངོས་རྒྱུ་ལས་མ་འདས།།

ཙ་རིའི་སྨྱུག་མ་ལྟར་དྲང་ཤིང་སྡོང་ལ་འགོས་ནས།།

ཚ་གཟེར་སྡུག་བསྔལ་འབྱུང་དོགས་

བཏང་སྙོམས་སུ་འཇོག་པ།།

ཛ་ལས་ཉེས་པའི་རྣམ་སྨིན་རང་སྟེང་ལ་གད་དུས།།

ཝ་མོ་ནགས་ནས་ངུ་འདྲ་མ་ངུས་ནས་མི་བཟོད།།

ཞ་བོ་འོན་པའི་ཡན་ལག་གཟུགས་པོ་ལ་མེད་ཀྱང་།།

ཟ་ཉལ་འགྲོ་འདུག་སྤྱོད་ལམ་ཁྱི་ཕག་ལ་འདྲེས་སོང་།།

འ་འུར་སེམས་ཁམས་འཁྲུག་ན་ངེས་

མེད་ལ་འཕྱར་བས།།

ཡ་རབས་དམ་པའི་ཐ་སྙད་རང་སྟེང་ལ་མ་ཐོགས།།

ར་དང་ནོར་ཁྱུ་དེད་དེ་ཕྱུགས་རྫི་ལ་ཆས་ཀྱང་།།

ལ་ལུང་རྒྱུས་ཡོད་མ་འཚོས་ཆ་མེད་དུ་བཀྲམ་སྟེ།།

ཤ་གཟན་སེམས་མེད་ཅེ་སྤྱང་ཁ་ཟས་སུ་འགྱེད་པས།།

ས་སྟེང་གཡང་ཁྱིམ་ཚང་གི་ཕངས་འདྲེ་ཡང་རང་རེད།།

ཧ་ལམ་བྱིས་པའི་དུས་ཀྱི་ལུས་ངག་གི་ཟུར་ཙམ།།

ཨ་ཁོད་གཡང་སྡེ་ཕྱུག་མོར་མི་ལུས་ཙམ་རྙེད་པའི།།

ཧ་ཅང་ཉིང་དགོས་མེད་པ་བྱིས་དུས་ཀྱི་ལས་སྤྱོད།།

ཨ་ཙི་ཤུགས་རིང་དང་བཅས་ཤོག་སྟེང་ལ་ཕབ་ཡོད།།


  • ལེ་ཚན་སྔོན་མ།:ཀ་རྩོམ་བཟི་ཁ་བཙན་པའི་ཆང་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།