དབྱངས་ཅན་མ།

ལྡེའུ་ནག        2021-11-15

བརྩེ་བའི་ཆུ་ཀླུང་དང་ཡང་ཡང་འདྲེས་ཤིང་།།

འདང་སྨིན་ན་ཚོད་ཀྱི་ལང་ཚོ་དར་བའི།།

སྟོབས་འབྱོར་མངའ་ཐང་ནི་ལྷ་ཡི་སྲས་མོ།།

ཞེན་པ་བཞི་བྲལ་གྱི་དབྱངས་ཅན་འཕགས་མ།།

བརྩེ་བའི་ཆར་ཐིགས་ལ་འཛད་པ་མེད་ན།།

དུང་བའི་མངར་ཁ་ལ་ཡལ་ཐབས་མ་བྱུང་།།

འཛུམ་པའི་སོ་དཀར་ལ་རྙིང་པ་མེད་ན།།

དགའ་བའི་སྣང་བ་ལ་རྫོགས་མཐའ་ཅི་ཡོད།།

ཏིང་འཛིན་སེམས་ཉིད་ལ་ཡང་ཡང་འཛུམ་ཞིང་། །

ཞི་བའི་ལྷིང་འཇགས་ལ་བར་ཆད་གཏོང་བའི།།

འཁོར་འདས་ས་མཚམས་ཀྱི་ངག་གི་དཔལ་མོ།།

ཚེ་རབས་འོད་དཀར་བཞིན་ཡིད་ལ་གོམས་བྱུང་། །

རྟོག་བཏགས་འཇའ་ཚོན་གྱི་གུར་ཁང་མ་ཡིན།།

སྣང་བའི་འཆར་སྣང་ལ་འཕོས་པའི་མཛེས་སྡུག།

དྲན་པའི་རླབས་རིས་ཀྱི་ཁུགས་སོའི་བར་ན།།

རྟེན་འབྱུང་མི་ལུས་ཀྱི་བདེ་སྐྱིད་མཐར་ཐུག།

སྡུག་བསྔལ་འཁོར་བ་ལ་བཟོད་བསྲན་བྱས་ཚེ།།

གློ་བུར་ཁྱོད་རང་གིས་བདག་ཉིད་བསྒུལ་སོང་།།

བཅོས་མིན་ཞེ་འདང་གི་མཛའ་བ་ཡ་གཅིག།

པིར་རྩིའི་གུར་ཁང་ནས་མང་དུ་མཐོང་སོང་།།

མི་ཚེ་བཏང་སྙོམས་ལ་ངང་གིས་སྐྱེལ་སྐབས།།

ཁྱོད་ཀྱི་གཟུགས་སྒྲ་ཡིས་བདག་ཉིད་མ་ཚོར།།

རིག་བྱེད་ནང་སེམས་དང་འདྲེས་པ་ཚུན་ཆད།།

སེམས་ཀྱི་འཆར་སྒོ་ནས་ཁྱོད་རང་མ་ཡལ།།

མཚམས་སྤྲིན་རྒྱང་རིང་དུ་ག་ལེར་ཡོལ་དུས།།

ལྕུག་ཕྲན་ཟིལ་བ་དག་སུ་རུ་འཐོར་ཞིང་།།

ས་སྲོད་རྨི་ལམ་གྱི་རྐང་རྗེས་མཐའ་དག།

ཁྱོད་ཀྱི་རྣམ་འགྱུར་དང་རེག་བྱ་གླེང་ཡོད།།

སྙིང་ལ་འཕོས་པ་ནི་གཅིག་ཙམ་མ་ཡིན།།

རྒྱུད་མངས་དཀྲོལ་བ་ནི་གཉིས་ཙམ་མ་ཡིན།།

ལས་སྨོན་རྟེན་འབྲེལ་ཡང་ངང་གིས་འགྲིག་པའི། །

དབྱངས་ཅན་འཚོལ་བ་ལ་དཀའ་ཁག་མི་འདུག །


  • ལེ་ཚན་སྔོན་མ།:སྒྱུ་རྩལ་གྱི་ལྷ་མཆོག་རྡོ་གྲུབ་ལ་མཇལ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།