གངས་ཅན་སྙན་ངག་པ་ཟུར་ཙམ་གླེང་བ་དྲན་པ་ཆུ་མིག་དགུ་སྒྲིལ།

མགར་ཐང་དཀར།        2021-11-05

སྙན་ངག་བྲི་ཞིང་སྙན་ངག་ལ་བརྩོན་པའི།།

ཐ་སྙད་གཏེར་གྱི་བང་མཛོད་རྒྱས་གྱུར་ཅིག།

སྙན་གཞུང་རྩོམ་བཞིན་འབྱུང་འགྱུར་ལ་བརྩོན་པའི།།།

ཤེས་རབ་རྩལ་གྱི་བློ་ཡང་རྒྱས་གྱུར་ཅིག།

གནའ་དེང་ཟུང་གི་ལུགས་ལ་སྦྱོང་མཁས་པའི།།

བློ་གསལ་དོན་གཉེར་རྩོམ་པོའི་གྲལ་དུ་འབྱོར།།

ཡང་དག་ཀུན་རྫོབ་བདེན་པར་བློ་ཉེ་བའི།།

རིག་པའི་གཞོན་ནུ་དེ་ཡང་ཨེ་མ་རྨད།།

བརྡ་དག་སྨྲ་ཞིང་རྒྱན་ཆོས་ཁུར་བ་དང་།།

ཐ་སྙད་གཙུག་ལག་རིག་གནས་སྦྱོང་བྱེད་པ།།

ཉམས་མེད་བློ་ཡི་ལྡིང་ཁང་གཤིན་པོ་རུ།།

ཆོས་ཀུན་ཕྱོགས་ལྷུང་མེད་པར་འཕེལ་གྱུར་ཅིག།

ཚོར་བ་རྐྱང་བར་བློ་སྒོ་མི་གཏད་ཅིང་།།

ཐ་སྙད་ཀྱི་ཚིག་ཏུ་འགྱུར་བར་མི་བྲེལ་བའི།།

མཐའ་དག་དོན་རྟོགས་གཞུང་ལ་འབད་པ་གང་།།

དྲན་པ་དྲན་ཤེས་བསྟེན་པར་ངོ་མཚར་ཆེ།།

སྙན་ངག་དོན་རྒྱན་སོ་ལྔར་མི་ཐོགས་ཤིང་།།

སྙན་ངག་གཟུགས་རྒྱན་ཉི་ཤུར་མི་རྨོངས་པའི།།

ཐམས་ཅད་སྒྲོམ་ལུགས་གང་ལ་འཕྲོད་བྱེད་པ།།

གངས་ཅན་སྙན་ངག་པ་རྣམས་ཨེ་མ་རྨད།།

ཚིག་གི་དོན་དང་འབྱུང་ཁུངས་མི་ཁེལ་བཞིན།།

གཞུང་ལུགས་ལེགས་བཤད་ལོག་འགྲེལ་མི་རྒྱག་པའི།།

སྙན་རོ་ཕུན་ཚོགས་ཚོར་བས་མྱོང་བྱེད་པ།།

ཤེས་རབ་གཞོན་ནུ་རིག་པའི་རྒྱན་དུ་འཁྲུངས།།

བག་མེད་མི་ལ་བློ་ཁོག་མི་བསྟན་ཅིང་།།

བརྩེ་བའི་གྲོགས་ལ་ཨ་གསར་མི་མངོན་པའི།།

ཆེ་ཆུང་རུས་ཀྱིས་འབྱེད་པར་མི་འགྱུར་བའི།།

ཤེས་རབ་སྣང་བར་རྒྱན་གྱི་རྡོ་རྗེ་འདོགས།

ཆ་བྱད་དཔྱད་ཅིང་རིག་པ་གྲིམས་པ་དང་།།

བློ་སྦྱོང་ལས་འབྱུང་སྤོབས་སེམས་ཆེ་བ་གང་།།

རྣམ་རིག་དབྱངས་ཅན་དགྱེས་པའི་ངང་ཚུལ་ཏེ།།

གངས་ཅན་རིག་པའི་ཀློང་ཆེན་མཛེས་པའི་རྒྱན།།

མི་རྟག་མཚན་ཉིད་བཅུ་གཉིས་འགྲེལ་ཕོད་ཅིང་།།

རྒྱུ་འབྲས་མན་ངག་བདུན་པོ་སྲུང་མཛད་ལ།།

སྙན་གླུ་དྲུག་འགྱུར་གསེབ་ནས་སྟོན་མཁས་པ།།

རྣམ་དཔྱོད་གྲུ་གཟིངས་བསྐོར་བའི་སྙན་ངག་མཁན།།

སྙན་རོ་ཕུན་སུམ་ཚོགས་པས་འགྲེལ་མི་ཕོད།།

སྙན་ངག་མཁན་ཡང་དེ་བཞིན་ཅིས་མ་ཡིན།།

ཚིག་གསུམ་གནད་ཕབ་འཕྲོ་བའི་སྙིང་བོ་སྟེ།།

རང་ལུགས་རང་གིས་སྒྲུབ་པ་ཉིད་དུ་སོམས།།

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁར་འདུད།།

གངས་ཅན་སྙན་ངག་ཤིང་རྟའི་སྲོལ་ཀྱང་འདུད།།

གངས་ཅན་ཤེས་རབ་རྒྱུ་ཉིད་གནས་གྱུར་ཅིག།

གངས་ཅན་རྨོངས་པའི་ཁང་ཆེན་གྲོལ་གྱུར་ཅིག།



  • ལེ་ཚན་སྔོན་མ།:ནགས་ཀྱི་སྒེག་མོར་ཕུལ་བའི་མགུར་ཐུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།