ནགས་ཀྱི་སྒེག་མོར་ཕུལ་བའི་མགུར་ཐུང་།

ཐོར་བུ།        2021-11-05

བདག་གི་ནགས་སུ་ཁྱོད་ཉིད་སྒོམ་ལ་ཞུགས།།

ཡི་གར་འོང་བའི་རི་དྭགས་མ་བུ་ཡིས།།

ཁྱོད་ཀྱི་མཐའ་བསྐོར་བྱེའུའི་སྐད་ངག་སྙན།།

སྟོན་རླུང་འཇམ་པོས་ལན་བུ་སྒུལ་བར་བྱེད།།

རྐང་པའི་འོག་ནི་མེ་ཏོག་ཀུ་མུ་དའི།།

འཇམ་མཉེན་རེག་བྱས་རྣམ་ཀུན་ཡོངས་སུ་མྱོས།།

མཚོ་དང་རྫིང་བུ་ལ་སོགས་ཡིད་འོང་བ།།

མིག་གིས་ལོངས་སུ་སྤྱོད་ཀྱིན་དགྱེས་པོར་བཞུགས།།

མཚོ་རྫིང་དེ་རུ་ཁྲུས་སུ་ཞུགས་པ་ན།།

གངས་རིར་ཉི་མའི་འོད་ཟེར་ཕོག་པ་ལྟར།།

དཀར་འཇམ་དར་ཡུག་ལྟར་དཀར་ཁྱོད་ཀྱི་ལུས།།

རི་དྭགས་གླེའུ་སོགས་ཀྱི་མིག་ཏུ་ལྷུང་།།

ཕྱག་གིས་ལུས་སུ་འཕུར་མཉེད་བགྱིད་ཙ་ན།།

བདག་ནི་ཡོངས་སུ་འདོད་པས་མྱོས་གྱུར་ཏེ།།

ཆང་རག་རྟག་ཏུ་སྤྱོད་པའི་རྒན་པོ་དེ།།

ལོ་དགུའི་ཡུན་དུ་བསྙལ་བའི་ཆང་བཟང་གིས།།

ཡོངས་སུ་མྱོས་ཏེ་རང་ཉིད་བོར་བ་བཞིན།།

བདག་གི་ནགས་དེ་ཉིན་དང་མཚན་དུ་དབྱེ།།

དྲི་བཟང་རྟག་ཏུ་སྐྱོམ་པའི་འཁྲི་ཤིང་འོག།

དཀྱུས་རིང་སྤྱན་གཉིས་དལ་བུར་ཟིམ་པ་ན།།

རྨི་ལམ་གྲུ་རུ་ཞུགས་པའི་དགའ་བྱེད་མ།།

བདེ་དགའི་གཉིད་ཀྱི་ཏིང་འཛིན་ལ་ཞུགས་དུས།།

བདག་ཀྱང་ངལ་བ་མེད་པར་གཉིད་དུ་ཡུར།།



  • ལེ་ཚན་སྔོན་མ།:ཆག་གྲུམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།