ལས་ཀྱི་རླུང་བུ།

གངས་ཚ་འཇོམས།        2021-11-03

སྡོད་ཁང་འདི་རུ་རང་ཉིད་གཅིག་པུར་ལུས། །

འབྲེལ་བའི་མི་དག་བྲེལ་བྲེལ་འཚུབ་འཚུབ་ཏུ། །

ག་དུས་བྱས་ཀྱང་མི་ཁོམ་འདམ་དུ་དཔྱངས། །

ལྟ་བཞིན་བལྟས་ན་འཁོར་བར་སྙིང་ནས་འཇིགས། །

ཁ་པར་དངུལ་ལོ་མེད་པའི་ཉིན་དག་ལ། །

རྒྱང་གི་མཐའ་འདིར་ཧྲེང་ངེར་སྨྲེང་ནས་ལུས། །

གཉེན་དང་གྲོགས་པོ་མཛའ་བའི་མི་དག་ནི། །

དུས་མཐའི་རླུང་གིས་རྒྱང་དུ་བྱེར་བ་ལྟར། །

གྲིབ་མའི་ཤས་ཙམ་མ་མཐོང་ཨ་རེ་སྐྱོ། །

ཕྱི་རུ་ལྷགས་རླུང་ལྡང་ཞིང་བུ་ཡུག་འཚུབ། །

ནང་དུ་ཁེར་རྐྱང་གདུང་བས་རེ་ཞིག་སྦྲིད། །

སེམས་པ་འདིའང་འདི་ཕྱི་གཉིས་སུ་གྱེས། །

ལས་ཀྱི་རི་མོ་མི་སྡུག་གྲོང་དུ་བྲིས། །

ལས་དང་སྐལ་བས་ང་རང་འདི་རུ་འཚར། །

སྐྱིད་སྡུག་རེས་སུ་འཐབ་པའི་འཁོར་བ་ལ། །

འཇིགས་ཤིང་དངངས་བའི་སྟབས་ཀྱིས་གྱེས་ཕྱག་ཕུལ། །

དབེན་པའི་རི་ཡི་བག་ཡངས་འཚོ་བ་འདིར། །

ཚེ་ཡི་ཕྱེད་ཀ་བརྟགས་ཤིང་ཕྱེད་ཀ་ལུས། །

མཚན་མོ་ཁོ་ན་བདེ་བའི་ལོངས་སྤྱོད་ཅིག །

ཁུ་ནག་འཐུང་བཞིན་སྨྱུ་གུས་ཤོག་ངོས་སུ། །

ཤིན་ཏུ་མཛའ་ཞིང་མཐུན་པའི་གྲོགས་དག་ལ། །

ཁ་ཁུ་སིམ་མེར་ཚོར་བའི་རི་མོ་བྲིས། །



  • ལེ་ཚན་སྔོན་མ།:རང་སེམས་རྒྱུད་མངས་དཀྲོལ་བའི་དབྱངས།
  • ལེ་ཚན་རྗེས་མ།:མེ་ཕུང་ནང་གི་གཞས།