རྒྱ་སེ་དམར་མོ་དྲན་པའི་གླུ་ཆུང་།

སྲད་འདབ་གསར།        2021-10-25

ཁ་བ་ལྷབ་ལྷུབ་ཀྱི་གཤོག་པ་འཛིན་མར་རྨྱངས་ཤིང་།།

གྲང་རླུང་སིམ་སིམ་གྱི་ལུས་ཟུངས་འཁྱགས་ལ་བསྡམས་དུས།།

ཆུང་འདྲིས་དྲན་གདུང་གི་སྙན་ངག་སྨྱུ་གུས་བྲིས་ན།།

རྒྱ་སེ་དམར་མོ་ཡི་རང་མདངས་མཛེས་པས་ཕྱུག་འགྲོ།།

རི་ཀླུང་ཁྲི་ཚོ་ཡིས་བར་མཚམས་ཧད་ཀྱིས་བཅད་ཅིང་།།

ལ་ལུང་འབུམ་ཁྲག་གིས་ལས་འཕྲོའི་མདུད་པ་བཀྲོལ་བའི།།

རྒྱང་རིང་ལྷུན་སྡུག་གི་དབུས་གྱུར་ལྷ་ཡི་གནས་སར།།

རྒྱ་སེ་དམར་མོ་ཡི་འཛུམ་ཀོང་ཤིག་གེར་ལུས་སོང་།།

ལུས་པོ་ངལ་དུབ་ཀྱི་མཁར་རྫོང་གྱང་རོར་གྱུར་ཀྱང་།།

སེམས་པའི་ནམ་མཁའ་ནས་ཉི་འོད་ལམ་མེར་བཀྱེད་འོང་།།

ཅི་ཕྱིར་གངས་ལྗོངས་ཀྱི་སྐྱེད་མོས་དགའ་བའི་ཚལ་ན།།

རྒྱ་སེ་དམར་མོ་ཡི་དྲི་ཞིམ་ལྷན་ནེར་ཐུལ་བས།།

གཉིས་སྐྱེས་རྒྱལ་པོ་ལ་འོད་ཀྱི་ཐིག་ལེ་རྫོགས་པའི།།

ཡོད་ཚད་ལྷིང་འཇགས་ཀྱི་སྨག་རུམ་མུན་པའི་མཚན་མོར།།

ཁྱེད་ཀྱི་རབ་དཀར་གྱི་བཞིན་རས་ཟླ་བར་སྤྲུལ་ཏེ།།

བདག་གི་འཇིག་རྟེན་ལ་སྣང་གསལ་སྒྲོན་མེ་སྤར་ཡོད།།

སྒྱུ་མའི་གར་སྟེགས་ན་རི་བོང་ཅལ་གྱིས་སྒྲོག་པའི།།

འཁྲབ་གཞུང་རིང་ལུགས་ལ་མི་སྣའི་རུ་འཛིང་ཐེབས་འདུག།

ཕྱི་གསལ་ནང་གསལ་གྱི་བྲེད་པོ་ཨོ་ལོ་ང་རང་།།

སེམས་ཀྱི་ཕོ་ཉ་ཡིས་གདུབ་སྐོར་ཁྱེད་ལ་དཀོན་ཡོད།།

འཐེབ་གཞོང་ཕོ་རྒོད་ཀྱི་ཡིག་ཚོགས་བདག་ལ་མེད་ལ།།

སྲིད་པའི་པི་ཝང་གི་སྙན་ཆ་དེ་བས་དབེན་སོང་།།

བདེ་ལྡན་གཡང་ཁྱིམ་གྱི་ཚ་སོབ་ཐབ་ཀའི་ཟུར་ནས།།

ཁྱེད་དང་འུ་གཉིས་ཀྱི་མེ་ལོང་གཙང་མར་ཕྱི་འདོད།།

པདྨའི་མེ་ཏོག་གིས་ཞེ་སྡང་ཕོ་བྲང་བརྩིགས་ཤིང་།།

ཨུ་དུམ་ཝ་ར་ཡིས་ཐོག་བརྫི་བསྟར་ལ་བརྒྱུད་རུང་།།

མཚན་ཆར་གྲོང་ཁྱེར་ན་ཁེར་རྐྱང་ཁྲ་ལེར་བཞད་པའི།།

རྒྱ་སེ་དམར་མོ་ཡི་ཡིད་དབང་འགོག་ཏུ་མེད་ཨང་།།

ཁ་ཆར་བུ་ཡུག་གིས་གནམ་ས་ཐོམ་མེར་དཀྲུགས་ཀྱང་།།

བརྩེ་བའི་མེ་སྟག་ལ་གཡེང་འགུལ་སྤྲོས་བྲལ་རེད་ལ།།

དུང་བའི་ཉ་མོ་ལ་སེམས་སྡུག་སྤུ་ཙམ་མེད་པའི།།

རྒྱ་སེ་དམར་མོ་ཡི་རང་གཤིས་སྲིད་ན་མཚར་རོ།།

འདས་སོང་ལོ་ཟླ་ཡི་གཏམ་རྒྱུད་པད་མའི་ཚལ་ན།།

ཉེ་རིང་ཆགས་སྡང་གི་བང་རིམ་ནམ་མཁའི་མེ་ཏོག།

ད་དུང་བྱམས་སྙིང་གི་གཡུ་ལོ་འདབ་སྟོང་གྲོལ་བའི།།

ཡིད་ཀྱི་ཟབ་ས་ན་བཞད་པའི་རྒྱ་སེ་རང་བྱོན།།

སྐབས་ཤིག་འཁྲེང་ཞེན་དེ་དབང་གཞུའི་རིས་ལྟར་མིན་ལ།།

ལན་ཅིག་དགའ་རབ་ཀྱི་དུག་མདའ་ཕོགས་པ་མིན་པའི།།

གདགས་སྲིབ་སྤར་ཁ་ཡི་ཞེ་ལ་རྩི་བཞིན་འཁོན་པའི།།

དབྱངས་ཅན་དགའ་མ་ཡི་ཚབ་ཅིག་ཁྱོད་ཀྱིས་ལོས་ཆོག།

ཡོད་ན་ཁྱོད་ཉིད་ཀྱིས་སེམས་པའི་ངར་ཅིག་གཏད་འགྲོ།།

མེད་ན་ཁྱོད་ཉིད་ཀྱིས་དཔའ་བོའི་སྒྲུང་ཞིག་བསྐུར་འགྲོ།།

ཡོད་མེད་མངར་སྐྱུར་གྱི་འཚོ་བའི་གནམ་སར་འཁྲིགས་པའི།།

སྣ་ཚོགས་གཟུགས་ཅན་གྱི་སྤྲིན་དཀར་ལམ་རྙིང་ཁྱོད་ཡིན།།

ཡོ་ལང་འདུ་འཛི་ཡི་ཟང་ཟིང་རྒྱང་དུ་གྱེས་ཤིང་།།

གནད་ལུགས་འགྱིང་རི་ཡི་རྟོག་པ་ཡོངས་སུ་བོར་ཏེ།།

ཤ་ལྤགས་རུས་གསུམ་གྱི་ཁུད་ན་ཟིལ་པ་ཕྲོམ་མེར།།

གསོན་ཤུགས་ལང་ཚོ་ཡིས་ཕྱུག་པ་རྒྱ་སེ་དམར་མོ།།

ཆུ་དེའི་ཚུར་རོལ་ནས་ཁ་ཆུང་ཕར་ལ་བལྟས་ཏེ།།

ཚངས་དབྱངས་རྒྱ་མཚོ་ཡི་མགུར་གླུ་ལེན་ཐེངས་རེ་རེར།།

ལྷག་བསམ་ཟོལ་མེད་ཀྱི་སྙིང་གཏམ་དོ་པོ་དོ་པོ།།

ཁྱེད་ལ་བཤད་རྒྱུའི་ཆེད་ཁོག་པའི་གཏིང་ན་རུམ་ཡོད།།

སྐྱེས་པའི་ཉིན་མོ་དེར་ལས་དབང་ཐོད་རུས་སྟེང་དུ།།

བདག་གི་ལྕགས་ཀྱུ་ལ་ཁྱེད་ཀྱི་ཨ་ལོང་སིང་སིང་།།

འཁོན་པའི་རི་མོ་ཞིག་བྲིས་པ་ཅི་ཡང་མེད་ཀྱང་།།

ཚེ་དེའི་འདུག་རོགས་དང་འགྲོ་རོགས་ཁྱོད་ལས་གཞན་སུ།།

བར་ཆད་མུ་འཁྱུད་ཀྱིས་སོག་སྐོར་འགྱིར་ཡང་རུང་གི།

ལྕགས་ཀྱི་ཤལ་མ་ལིར་རྐང་རྗེན་སྤོས་ཀྱང་ཆོག་གི།

དོན་དངོས་རྨི་ལམ་གྱི་སྒྱུ་མའི་ཁམས་སུ་འཁྲུལ་བའི།།

རབ་རིབ་དྲན་པའི་ཁྲོད་ཁྱོད་དང་འགྲོགས་པ་དེས་ཆོག།

གཤོག་འགྱུར་རྫུ་འཕྲུལ་གྱིས་སྤུར་བའི་བྱ་རྒྱལ་ཁྱུང་ཆེན།།

ལེ་དབར་ལེ་དབར་གྱིས་ལྷ་སའི་ཕྱོགས་སུ་འཕུར་ཏེ།།

སྨིན་ལེགས་ཡིད་འོང་གི་ཁོ་བོའི་རྒྱ་སེ་དམར་མོར།།

དྲན་པའི་གླུ་ཆུང་དེ་མགྱོགས་མྱུར་འཕྲོད་པ་གྱིས་དང་།།



  • ལེ་ཚན་སྔོན་མ།:ཡོད་ཡོད་འདྲ་ལ་མི་ཟིན་པའི་ནོར་བུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།