སྙན་ངག་མེ་ལོང་མ།

རང་ལས་རྒྱལ།        2021-10-19

གཉིད་ལས་སད་དུས།

མལ་ཁང་གི་སྒེའུ་འགྲམ་དུ།

ཁ་བའི་མེ་ཏོག་ཅིག་བཞད་འདུག།

ཞིབ་ཏུ་བལྟས་པས།

འདབ་མ་གཅིག་ཀྱང་མི་འདུག།

ཆུང་ཆུང་གི་དུས་སུ།

ཨ་མྱེས་ལགས་ཀྱི་ངག་ནས༼ འདབ་དྲུག་ ཁ་བའི་མེ་ཏོག༽ ཅེས་ཡང་ཡང་ཐོས་པས།

ཕྱི་རོལ་ཏུ་སོང་སྟེ་ཁ་བའི་ཁྲོད་སྔ་མོ་ནས་ རྐང་རྗེས་བཞག་པའི་ཨ་མྱེས་ལགས་ལ།

ཡང་བསྐྱར་ཁ་བར་འདབ་མ་ཡོད་མེད་

སྐོར་གྱི་དྲི་བ་དེ་དྲིས།

དེ་ནི་མི་ལོ་ཉི་ཤུའི་རྗེས་ཀྱི་ཞོགས་

པ་ཞིག་རེད།

ཞོགས་པ་དེར།

ཨ་མྱེས་ལགས་ཀྱིས་ཁ་བར་འདབ་མ་ཡོད་

ཚུལ་སྐོར་ཡང་བསྐྱར་བཤད་མ་བྱུང་།

ཞོགས་པ་དེ་མི་ལོ་ཉི་ཤུའི་སྔོན་གྱི་

ཞོགས་པ་ལྟར།

ལྷགས་རླུང་འུར་འུར་ལྡང་བའི་

ཞོགས་པ་ཞིག་རེད།

ཁ་བའི་ཁྲོད་ཀྱི་ཨ་མྱེས་མི་ལོ་ཉི་ཤུའི་སྔོན་གྱི་

ཨ་མྱེས་དང་མི་འདྲ་བར།

ང་ལ་ནན་གྱིས་ཁ་བར་འདབ་མ་ཡོད་ཚུལ་

སྐོར་ཡང་བསྐྱར་བཤད་མ་བྱུང་།

དེ་ནི་གསང་བ་ཞིག་ཡིན་ནམ།

དེ་ནི་ལྐོག་གྱུར་ཞིག་ཡིན་ནམ།

གསང་བ་ཅི་ཡང་མེད་པའི་དགུན་ཟླར།

གསང་ཡང་གསང་ཐབས་མེད་པའི་

ཁ་བ་ལྷབ་ལྷུབ་བབས།

ཡང་བསྐྱར་མི་ལོ་ཉི་ཤུ་འགོར་བའི་

ཞོགས་པ་ཞིག་ལ།

ཨ་མྱེས་ལགས་མི་ཡུལ་དང་བྲལ་ནས་

ཡུན་རིང་འགོར་བའི་ཞོགས་པ་ཞིག་ལ།

རྩིག་ལྡེབས་སུ་བཀལ་བའི་མེ་ལོང་ནང་དུ།

འདབ་དྲུག་ཁ་བ་དཀར་པོ་ངའི་སྐྲ་རྩེ་

ཉག་མ་རེ་རེའི་གསེབ་ན།

ཚམ་ཚོམ་དང་སྙིང་རྗེ་མེད་པར་

འབབ་ཀྱིན་པ་མཐོང་།

ངས་ལག་ཕྱིས་ཤིག་གིས་མེ་ལོང་

གཙང་མར་ཕྱིས་རྗེས།

ཁ་བར་འདབ་མ་ཡོད་མེད་གསལ་པོ་

ཞིག་བལྟ་འདོད་ཀྱང་།

མེ་ལོང་ནང་དུ་ང་དང་འདྲ་བའི་

མི་ཞིག་གམ།

ཡང་ན། ཨ་མྱེས་དང་ཤིན་ཏུ་

འདྲ་བའི་མི་ཞིག་གིས།

ཁྱེད་ཀྱིས་རབ་རིབ་ཀྱི་

འཇིག་རྟེན་འདི་ནས།

ཁ་བའི་འདབ་མ་དྲུག་པོ་རེ་རེ་བཞིན་

གསལ་བོར་མཐོང་འདོད་ན།

ཐོག་མར་ཁྱེད་ལ་འགྲོ་དྲུག་མ་རུ་སྒོམ་པའི་

སེམས་བསྐྱེད་ཅིག་དང་།

སྒྲིབ་པ་ཅི་ཡང་མེད་པའི་མིག་འབྲས་

གཙང་མ་ཞིག་དགོས་ཞེས་གདམས།



  • ལེ་ཚན་སྔོན་མ།: ནོར་དང་མིའི་བསྟན་བཅོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།