ཧྲེན་དབྱང་གིས་ཡའོ་དབྱིང་ཕིང་དང་བཅས་པར་མཇལ་འཛོམས་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-10-20

ཧྲེན་དབྱང་གིས་ཡའོ་དབྱིང་ཕིང་དང་བཅས་པར་མཇལ་འཛོམས་གནང་།

སྤྱི་ཟླ10པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་འབྲི་ཆུའི་འགག་གསུམ་ཚོགས་པའི་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་གི་ལས་འཛིན་པ་ཡའོ་དབྱིང་ཕིང་དང་བཅས་པར་མཇལ་འཛོམས་གནང་ཞིང་། ཕྱོགས་གཉིས་ཀས་ནུས་རྒྱུ་གཙང་མ་གསར་སྤེལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཡུལ་གྲོང་དར་རྒྱས་ལ་སྐུལ་འདེད་གཏང་རྒྱུ་སོགས་ཀྱི་དོན་དག་ལ་དམིགས་ནས་སྤེལ་རེས་དང་ངོ་འཕྲད་གྲོས་མོལ་བྱས་པ་རེད།

ཡའོ་དབྱིང་ཕིང་གིས་འབྲུ་ཆུའི་འགག་གསུམ་ཚོགས་པའི་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ལག་ལེན་ནན་ཏན་བྱས་ནས། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་ཏེ། བརྟན་བརླིང་དང་སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་ཀ་ཁག་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཏེ། ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད། དཀར་མཛེས་ཁུལ་དང་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། ནུས་རྒྱུ་གཙང་མ་མཉམ་སྐྲུན་མཉམ་སྤྱོད་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ནས་གྲོང་རྡལ་གྱི་ཆུ་མཁོ་འདོན་དང་། བཙོག་ཆུ་གཙང་སེལ། སྐྱེ་ཁམས་སླར་གསོ་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་སྐྱེ་ཁམས་ཞིང་འབྲོག་ལས་གསོ་སྐྱོང་དང་རིག་གནས་ཡུལ་སྐོར་ཐོན་ལས་གཏོད་རོགས་བྱས་ནས། ཡུལ་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། དཀར་མཛེས་ཁུལ་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་བསྒྱུར་རྒྱུ་དང་སྐུལ་འདེད་གཏང་རྒྱུར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་འབྲུ་ཆུའི་འགག་གསུམ་ཚོགས་པས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུ་བ་དང་། ཁོང་གིས་མིག་སྔར་དཀར་མཛེས་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྐྱེ་ཁམས་སྔོན་སྤེལ། འབྱུང་འཕྲོད་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་། དེང་རབས་ཅན་གྱི་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི་དང་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི། གལ་ཆེན་གྱི་རྒྱལ་ཁབ་ཀྱི་ཐཱན་ཚད་ཧྥེང་ཐཱན་ཚད་ཁྲོད་དང་འཐབ་ཇུས་ཁྱོན་ཡོངས་ནས་ཞབས་འདེགས་ཧུར་ཐག་ཞུས་ཡོད། འབྲི་ཆུའི་འགག་གསུམ་ཚོགས་པས་འཆར་འགོད་ཇུས་འགོད་དང་འཛུགས་སྐྲུན་དོ་དམ། མ་དངུལ་གཏོང་འཇོག་གཉེར་སྐྱོང་སོགས་ཀྱི་ཐད་དངོས་ཤུགས་ཆེ་བ་དང་ལེགས་ཆ་མངོན་གསལ་དོད་པོ་ཡོད་པར་བརྟེན། དཀར་མཛེས་ཁུལ་གྱི་ཐོན་ཁུངས་ལེགས་ཆ་དང་གསར་གཏོད་འཕེལ་རྒྱས་སོགས་དང་མཐུན་ཚད་ཆེ་བས་མཉམ་ལས་ཀྱི་མདུན་ལམ་ཧ་ཅང་བཟང་པོ་ཡོད་ཅིང་། འབྲི་ཆུའི་འགག་གསུམ་ཚོགས་པའི་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་གིས་ལེགས་ཆ་འདོན་སྤེལ་བྱས་ཏེ། ཁྲོམ་ར་ཅན་གྱི་རྣམ་པའི་ཐོག་ནས་དཀར་མཛེས་ཁུལ་གྱི་ཐོན་ཁུངས་བེད་སྤྱོད་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་སོགས་ཀྱི་ཁྱབ་ཁོངས་ནང་ཧུར་ཐག་ཞུགས་ནས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་ལ་སྟོབས་ཤུགས་དེ་བས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།།



  • ལེ་ཚན་སྔོན་མ།:དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།
  • ལེ་ཚན་རྗེས་མ།:བདེ་སྡོད་ལས་བརྩོན་བྱས་ནས་བདེ་སྐྱིད་ཀྱི་མཛེས་རིས་གསར་པ་བྲིས།
  • དོ་སྣང་ཆེ་བའི་རྩོམ།