ཀུན་དགའ་སྙིང་པོ།

རྣལ།        2021-10-13

༼ ཞར་བཀོད་གཉིས། ༽

ལམ་མདོ་སྔགས་གཉིས་ཀྱི་སྣོད་རྒྱ་ཆེན།།

མདངས་གསེར་དངུལ་གསལ་སྟོང་འཁྱུག་གེ་བ།།

རོ་བཅུད་ལྡན་ཉམས་ལེན་གནད་པོ་ཆེ།།

ཆོས་གང་སྣང་བདེན་པའི་ཟླ་བ་ཡི།།

གནད་རྟོགས་ན་ལྟ་བ་འདི་རིང་ཞེས།།

ཐུགས་སྟོང་ཉིད་ངང་དུ་མཉམ་པར་བཞག།

བློ་ཡུན་སྦྱངས་བདེ་བའི་ཤེས་རབ་མིག།

ཐུགས་སྟོང་བ་ཉིད་ཀྱི་རོ་འདྲེས་ཚེ།།

ཁྱེད་གཅིག་པུ་ས་སྐྱའི་ལྡིང་ཁང་ནས།།

སེམས་རང་གཞན་མེད་པའི་རྒྱ་གྲོལ་ཏེ།།

ལུས་ཀུན་གཞི་དུས་བཞིའི་འགྱུར་ལྡོག་མ།།

རྨི་ལམ་གྱི་བུ་མོའི་མདངས་བཀྲ་བའི།།

ཚུལ་ཡང་ནས་ཡང་དུ་གཟིགས་པའི་མཐར།།

ཐུགས་འགོག་བདེན་གཅིག་པུའི་ལྷ་དེ་མཇལ།།

རུ་ཟུར་ནས་མཚམས་སྤྲིན་འཕྱོ་འདྲ་བའི།།

བྱང་དཔལ་ལྡན་ས་སྐྱའི་གནས་མཆོག་དེ།།

དུས་དེང་སང་ཐིགས་པའི་གྲགས་སྟོང་བཞིན།།

སྐྱོ་ལྷང་ངེར་དགོང་ཁའི་ཡུ་མོ་བཞིན།།

རྩོམ་འཆད་རྩོད་དག་རྒུད་པའི་ཟོལ་མཐོང་ཚེ།།

སེམས་སྨྲེང་བའི་བསིལ་མ་རླུང་ཁུར་ལ།།

གདངས་མ་བཅོས་ཚིག་གི་ཤེལ་ཕྲེང་དུ།།

སྒྲ་ངག་དབང་རྒྱུད་ནས་ཁྱེད་ལ་སྐུར།།

གནས་དག་པའི་ཞིང་མཆོག་ཡིད་དགའ་ནས།།

ཤིང་ཙན་དན་གྱིས་མེ་ཁ་གསོས་ཐོས་ཚེ།།

ངག་མ་བཅོས་གཙང་པོའི་གཞུར་རྒྱུན་རུ།།

མ་དབྱངས་ཅན་རྒྱུད་ནས་ཁྱེད་ལ་སྐུར།།

སྟོན་འཇུག།

སེམས་ཀྱི་སྨྲེང་བ་འདྲ་བའི་ཐ་སྙད་དག།

སྟོན་ཟླ་བརྒྱད་པའི་ནང་ནས་རྙེད་པ་ཡིན།།

དེ་ཉིད་ངག་གི་མེ་ཏོག་འབུས་སར་ཡིན།།

སྒྲུང་རྩོམ《ཆུ་ངོགས》དབུས་ཀྱི་སྙན་ཚིག་བསྡེབས།།

ལར་ནས《ཏུན་ཧོང》གསེབ་ཀྱི་མཛེས་ལྗོངས་ཡིན།།

སྙན་ངག་ཐང་ལ་བཏབ་པའི་སྟོན་འཇུག་ཉིད།།

མེ་ཏོག་སྨུག་པོའི་རྗེས་ཀྱི་གཙང་པོ་དང་།།

ལྭ་བ་རླུང་གིས་བསྐྱོད་པའི་བར་གསེབ་ནས།།

དྭངས་གཙང་མཚན་མོའི་ངོགས་ཀྱི་ཟླ་བ་དག།

ཚིག་དང་ཐ་སྙད་གཉིས་ཀྱི་སྲུང་མ་ཡིན།།

སྙན་ཚིག།

མིག་གི་མེ་ཏོག་དུམ་བུར་བཞད་གྱུར་ན།།

སྙན་པའི་ཚིག་དག་ཡིད་ཀྱི་པང་དུ་ལོག།

ཞི་བའི་སེམས་འདི་མཛེས་པའི་བཀྲུ་གྱུར་ན།།

དྲན་པའི་ངོགས་ཀྱི་རྒྱ་མཚོ་འཕྱོ་བར་བརྩམས།།

སྲིད་པའི་གླུ་ཡིས་བདེ་སྡུག་གླེང་གྱུར་ན།།

བསམ་གཞིག་ཀློང་གི་ངག་དེ་བདེན་པར་གྱུར།།

ཉི་ཟླའི་བར་ཁྱིམ་ནང་གི་རྨི་ལམ་དག།

ལས་ཀྱི་ངལ་དུབ་ཆགས་སའི་ས་ཡི་གདན།།

ཞོགས་པའི་སྐར་ཁྱུ་དག་ཀྱང་བྲོས་ཀྱང་ཆོག།

སྲོད་ཀྱི་མུ་ཏིག་དག་ནི་འཛུམ་པར་བགྱི།།

ཟླ་བའི་ངོགས་ཀྱི་མཛེས་ལྗོངས་གསལ་གྱུར་ན།།

སྙན་ཚིག་འདི་ཞེས་ལག་འཛུབ་ཀེར་གྱུར་ཏོ།།



  • ལེ་ཚན་སྔོན་མ།:ཟླ་འོད་འོག་གི་ཆུང་འདྲིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།