སེམས་མཐའ་རླུང་ལ་བཏགས་ཚུལ།

རྣོ་ངར།        2021-10-13

གདུང་སེམས་དེབ་ཐེར་རུ་འབྲི་བའི།།

མེ་ཏོག་དར་ཚོན་གྱི་ཟིལ་བ།།

སྨོན་ལམ་རྒྱ་མདུད་ཀྱིས་བསྡོམས་རུང་།།

རལ་བའི་རྩེ་ཁ་ནས་ལྷུང་སོང་།།

ཕྱོགས་མེད་འཐོར་རླུང་གི་རྦབ་རྡོ།།

མཚན་མོའི་ཁངས་ཟིལ་ལ་བསྡོངས་བས།།

ཁྱེད་ཞལ་འཛུམ་དམུལ་གྱི་ཟླ་བ།།

ནུབ་རིའི་སྤྲིན་པ་ལ་འདྲེས་འདུག།

གཙང་བོའི་གོང་ཁ་ལ་རེག་འདྲའི།།

བདག་ཡིད་དར་ཐོག་གི་བ་མོ།།

ཟིམ་ཟིམ་ཁ་བ་བཞིན་དབབ་ན།།

བྱང་ཁོག་འདར་ཉམས་ཤིག་ལོས་བྱེད།།

ཡི་གེའི་རླབས་ཕྲེང་ལ་འབྱོ་བའི།།

འཆར་ཡན་བྱེའུ་ཆུང་གི་འཕུར་ལྡིང་།།

ལྷུང་ལྷུང་བཞུར་རྒྱུན་ལ་འགྲོག་ཚེ།།

སེམས་ཀྱིས་མ་ཐེབས་ཀྱང་མི་བཟོད།།

ཨ་མཐས་བརྩེ་ཞེན་གྱི་ཆིངས་རྒྱ།།

མི་ཚེའི་ཚོགས་དྲུག་ལ་ཕོག་པས།།

གློ་བུར་ལག་ཟུང་གི་གར་སྟབས།།

སྙིང་གི་ཐོབ་འོས་ཤིག་མ་རེད།།

ལས་སྨོན་ན་བུན་གྱི་རྒྱང་སོ།།

གནམ་སའི་དུར་ཐང་དུ་བཙུགས་ཡོད།།

རྟོག་འགྱུ་ཆར་ནང་གི་མིག་ཟུང་།།

གྲིབ་མས་གཅོག་པ་རང་མ་གནང་།།



  • ལེ་ཚན་སྔོན་མ།:ཉག་རོང་རྫོང་ཁྲིམས་ཁང་ལ་དྲོད་སྐྱིད་ལྡན་པའི་ རྒྱབ་བསྐྱོར་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།