རང་ཁུལ་དུ་ལོ་རྒྱུས་ཐོག་མེད་པའི་ས་ཚུགས་ཤིག་བཙུགས་འདུག།

ཐུབ་ཀྱིས་བསྒྱུར།        2021-10-12

   

རང་ཁུལ་དུ་ལོ་རྒྱུས་ཐོག་མེད་པའི་ས་ཚུགས་ཤིག་བཙུགས་འདུག།

   སྤྱི་ཟླ10པའི་ཚེས9ཉིན་ལ། སི་ཁྲོན་མི་རིགས་སློབ་གླིང་དུ་སི་ཁྲོན་ཤེས་བྱའི་ཐོན་དབང་རྒྱང་བསྟེན་སློབ་གསོའི་དཀར་མཛེས་ཁུལ་ཡན་ལག་ས་ཚུགས་བཙུགས་པའི་སྒོ་བྱང་འབྱེད་པའི་མཛད་སྒོ་སྤེལ་བ་རེད། ས་ཚུགས་དེ་ནི་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་དུ་རང་ཁུལ་ཁོ་ན་ལས་མེད་པའི་ཤེས་བྱའི་ཐོན་དབང་རྒྱང་བསྟེན་སློབ་གསོའི་ཡན་ལག་ས་ཚུགས་ཤིག་ཡིན་ལ། རང་ཁུལ་གྱི་ལོ་རྒྱུས་ཐོག་བཙུགས་པའི་ཤེས་བྱའི་ཐོན་དབང་རྒྱང་བསྟེན་སློབ་གསོའི་ཡན་ལག་ས་ཚུགས་ཐོག་མ་དེ་ཡང་ཡིན། དེ་ནི་ཤེས་བྱའི་ཐོན་དབང་གིས་རྒྱལ་ཁབ་སྟོབས་ལྡན་སྐྲུན་པའི་བྱེད་ཐབས་དོན་ལ་གནས་པ་ཞིག་ཡིན་ཞིང་ཁུལ་ཡོངས་ཀྱི་ཤེས་བྱའི་ཐོན་དབང་འཛུགས་སྐྱོང་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཀྱང་ཡིན་པ་རེད། 

     ཀྲུང་གོའི་ཤེས་བྱའི་ཐོན་དབང་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲུན་ཝེ་དང་། སི་ཁྲོན་ཞིང་ཆེན་ཤེས་བྱའི་ཐོན་དབང་ཞབས་ཞུ་སྐུལ་སྤེལ་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི། སི་ཁྲོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་གཞོན་པ་ཀྲའོ་ཧའེ། སི་ཁྲོན་མི་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཚུའེ་ཡུས་ཧྥེང་བཅས་སྒོ་བྱང་འབྱེད་པའི་མཛད་སྒོར་ཞུགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཏེང་ལི་ཅུན་སྒོ་བྱང་འབྱེད་པའི་མཛད་སྒོར་ཞུགས་ཡོད། 

     ཧྲུན་ཝེ་ཡིས་དཀར་མཛེས་ཁུལ་ཡན་ལག་ས་ཚུགས་ཀྱིས་ས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། ཤེས་བྱའི་ཐོན་དབང་ཕྱོགས་ལྔ་རུ་སྤེལ་བའི་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རང་གི་དངོས་ཡོད་གནས་ཚུལ་དང་མཐུན་པའི་རྒྱང་བསྟེན་སློབ་ཚན་འགོད་པ་དང་། ཤེས་བྱའི་ཐོན་དབང་གི་ཆེད་ལས་རིགས་གཞུང་དང་དངོས་ཐོག་ལག་རྩལ་གསོ་སྦྱོང་རྒྱ་ཁྱབ་ཏུ་བྱེད་པ་དང་། ས་གནས་རང་གི་ཤེས་བྱའི་ཐོན་དབང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་ཞིང་། ས་གནས་འཕེལ་རྒྱས་འཛུགས་སྐྲུན་ཐད་ལ་ཤེས་བྱའི་ཐོན་དབང་ལམ་ལུགས་ཀྱི་ནུས་པ་གང་ལེགས་འདོན་པར་བྱ་དགོས་ཞེས་གསུངས་པ་རེད།

རང་ཁུལ་དུ་ལོ་རྒྱུས་ཐོག་མེད་པའི་ས་ཚུགས་ཤིག་བཙུགས་འདུག།

     ཏེང་ལི་ཅུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་དཀར་མཛེས་ཁུལ་ཡན་ལག་ས་ཚུགས་བཙུགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤེས་བྱའི་ཐོན་དབང་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་དངོས་སུ་བྱས་ཡོད་ཅིང་། ཚོང་རྟགས་ཀྱིས་ཞིང་པ་ཕྱུག་པོར་སྒྱུར་བའི་ལས་ཇུས་ལག་ལེན་ཤུགས་ཆེན་བྱས་པར་བརྒྱུད། ས་ཁམས་མཚོན་རྟགས་ཡོད་པའི་ཚོང་རྟགས67ཐོབ་ཡོད་ཅིང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་བསླེབས་ཡོད། གནས་མཆོག་དཀར་མཛེས་ཁུལ་ཞེས་པའི་ཐོན་རྫས་ཟོང་རྟགས་དེ་ཞིང་ཆེན་ཡོངས་ཀྱི་ཞིང་ཐོན་ཁྱད་ཆོས་ཐོན་རྫས་ས་ཁོངས་སྤྱི་སྤྱོད་ཟོང་རྟགས་བཟང་པོ་བཅུའི་གྲས་སུ་ཚུད་པ་དང་། ཚོང་རྟགས་ལ་དབང་སྤྲད་འཁྲོལ་འཛིན་ཐོབ་པའི་ཁེ་ལས40ཡོད་ཅིང་ཐོན་རྫས་རིགས103ལ་ཁེབས་ཡོད། ཁྱད་ཆོས་ཐོན་རྫས་འབོར་ཆེན་སི་ཁྲོན་དང་རྒྱལ་ཡོངས་ལ་ཁྱབ་པར་མ་ཟད། ཞང་ཀང་དང་ཨའོ་མེན། དེ་བཞིན་རྒྱལ་སྤྱིའི་ཁྲོམ་རར་བྲིན་ཚོང་ཐུབ་ཡོད་ཅེས་གསུངས་པ་རེད།

    མཛད་སྒོ་སྤེལ་བའི་ཡུལ་དངོས་སུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་སི་ཁྲོན་མི་རིགས་སློབ་གླིང་བར《ཤེས་བྱའི་ཐོན་དབང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན》བཞག་པ་རེད།།


  • ལེ་ཚན་སྔོན་མ།:སུང་ཀུའོ་འགྲོ་སྐྱོད་ཀྱིས་རང་ཁུལ་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།