སེམས་སྐྱིད་ཞིང་རས་གྲོང་སྡེའི་མཛེས་ཉམས་ཆེ་རུ་བཏང་།

        2021-10-11

སེམས་སྐྱིད་ཞིང་རས་གྲོང་སྡེའི་མཛེས་ཉམས་ཆེ་རུ་བཏང་།

ཉི་དགའ་མེ་ཏོག་བཞད་པའི་རྣམ་པ།

ཉིན་ཤས་བསྟུད་མར་དཀར་མཛེས་རྫོང་དཀར་རགས་ཡུལ་ཤོག་དཀར་རགས་གྲོང་སྡེའི་སེམས་སྐྱིད་ཞིང་རའི་ནང་མུའུ30ཡི་ཉི་དགའ་མེ་ཏོག་བཞད་དེ་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་ལ་མིག་དབང་འཕྲོག་ཡོད་ཅིང་། མཚར་སྡུག་རྣམ་པར་བཀྲ་བའི་ཉི་དགའ་མེ་ཏོག་དང་ནས་ཀྱི་སྙེ་མའི་རླབས་ཕྲེང་ཕན་ཚུན་འོད་མདངས་ཆེམ་ཆེམ་དུ་འཕྲོ་བ་དང་། མི་ཚོགས་དང་མེ་ཏོག་གི་བར་ན་མཛེས་སྡུག་རྣམ་པར་བཀྲ་བའི་གྲོང་སྡེའི་པར་རིས་གསར་པ་ཞིག་གྲུབ་ཡོད།

ས་རྒོད་ཐང་སྟོང་མེ་ཏོག་རྒྱ་མཚོར་བསྒྱུར་ ནས་ཕྱུག་འགྱུར་གྱི་ལམ་བུ་བཏོད།

གཟའ་མཇུག་ཤར་ཐེངས་རེར་སེམས་སྐྱིད་ཞིང་རའི་ནང་དུ་མི་མི་ཉུང་བ་ཞིག་སླེབས་ཀྱི་ཡོད་པས་ཞིང་རའི་ལས་འཛིན་མགོ་གཙོ་ཀའོ་པིང་དང་ལས་དོན་མི་སྣ་ཚོ་བྲེལ་བ་ཤིན་ཏུ་ཆེ། ཀོའུ་པིང་གིས་ངེད་གྲོང་ཚོའི་ནང་མེ་ཏོག་གི་རྒྱ་མཚོ་འཁྱིལ་བ་ནས་བཟུང་ཡུལ་སྐོར་བ་མི་མང་པོ་ཞིག་ནམ་རྒྱུན་འདི་གར་པར་རྒྱག་ས་ཡོང་གི་འདུག། སྔོན་ས་ཞིང་མུའུ30དེ་དག་ཚང་མ་འཁྱགས་ས་དང་ས་སྲ་མོ་ཡིན། སྐྱེ་དངོས་འདེབས་འཛུགས་ལ་ཚོད་འཛིན་ཕོག་པ་སོགས་ཀྱི་རྐྱེན་ལས་ས་གཞི་རྒྱ་ཆེ་དེར་ལས་གཞི་ཡག་པོ་ཞིག་མ་རག་ནས་ལུས་ཡོད། ན་ནིང་ང་ཚོས་ཡུལ་སྡེ་དར་རྒྱས་དང་ཟུང་འབྲེལ་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་སྡེའི་ལས་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་ཉི་དགའ་མེ་ཏོག་གི་རྒྱ་མཚོ་འདི་བསྐྲུན་ཡོད་ཅེས་བཤད།

ན་ནིང་སྟེས་དབང་གི་གོ་སྐབས་ཤིག་དང་འཕྲད་སྐབས། ཀོའུ་པིང་གིས་གཞུང་ལམ་རྒྱུད་ཀྱི་སྐལ་བཟང་མེ་ཏོག་དང་རི་ལྡེབས་ཀྱི་སྟག་མ་མེ་ཏོག་སོགས་ལས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་པའི་གནས་ཚུལ་ཤེས་ཡོད། དེར་བརྟེན། དཀར་རགས་གྲོང་སྡེ་དེ་རྒྱལ་སྲུང་གཞུང་ལམ317དང་ཐག་ཉེ་བས་འགྲོ་འོང་བྱེད་མཁན་གྱི་ཡུལ་སྐོར་བ་མང་བའི་གནས་ཚུལ་དང་བསྟུན་ནས་གྲོང་སྡེའི་ཨུ་ལྷན་གཉིས་དང་མཉམ་དུ་བསྡད་དེ་རྟོག་ཞིབ་དང་སློབ་སྦྱོང་བྱས་པར་བརྒྱུད་མེ་ཏོག་ཐོན་ལས་འཕེལ་རྒྱས་ཀྱི་ལྗོངས་ཁུལ་དེ་བཏོད་ཡོད། དཀར་མཛེས་རྫོང་ནས་ཡིན་པའི་བུད་མེད་ལུང་ལགས་ཀྱིས་པར་ལེན་བཞིན་དུ་བསམ་ཡུལ་ལས་འདས་པ་ཞིག་ལ་མཐོ་སྒང་ཡང་ཉི་དགའ་མེ་ཏོག་གི་རྒྱ་མཚོ་དེ་འདྲ་ཡོད་ལ། དེ་མཐོ་སྒང་གི་དམིགས་བསལ་གྱི་ཡུལ་ལྗོངས་དང་ཕན་ཚུན་རམ་སྐྱོར་དུ་ཡོད་པས་རི་མོ་ཧ་ཅང་མཛེས་པོ་ཞིག་རེད་འདུག་ཅེས་བཤད།

ཀོའུ་པིང་གིས་འདི་ལོའི་ལོ་སྟོད་དུ་ང་ཚོས་ས་ཆ་གཞན་ནས་ཉི་དགའ་མེ་ཏོག་གི་ས་བོན་ཁྱེར་ཡོང་བ་དང་།གྲོང་སྡེའི་ཐུན་མོང་གི་ཡང་ས་ཞིང་མུའུ30ཡི་ཐོག་ནས་ཉི་འབྲུའི་ཐོན་ལས་འཕེལ་རྒྱས་གཏོང་གི་ཡོད། ཚང་མས་རྩྭ་ལྡུམ་མེད་པར་བཟོ་བ་དང་། ས་ཞིང་སློག་པ། འདེབས་འཛུགས་བཅས་བྱས་མཐར་མེ་ཏོག་རྒྱ་མཚོའི་གཞི་ཁྱོན་གྲུབ་ཡོད། ཀོའུ་པིང་གིས་ད་ཆ་ཉི་དགའ་མེ་ཏོག་དེ་ཡུལ་སྐོར་བའི་པར་ལེན་ལྗོངས་ཁུལ་ཞིག་ཏུ་གྱུར་པར་མ་ཟད་ཉི་འབྲུའི་སྣུམ་ཡང་ལེན་ཐུབ་ཀྱི་ཡོད། འདི་ནི་ང་ཚོའི་ཡོང་འབབ་རེད་ཅེས་བཤད།

ཆེད་མངགས་གདན་འདྲེན་ཞུས་པའི་འདེབས་འཛུགས་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་དཀར་རགས་གྲོང་སྡེས་གྲོང་སྡེའི་ཏང་ཡོན་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་མིའི་སྣེ་ཁྲིད་དེ་ཉི་འབྲུ་འདེབས་འཛུགས་ནང་ཞུགས་པ་དང་གྲོང་སྡེ་ཡོངས་ཀྱི་མི་ཚང་མ་འདེབས་འཛུགས་དང་དོ་དམ་ནང་ཞུགས་ཡོད། ད་ཆ་ཉི་དགའ་མེ་ཏོག་གི་རྟེན་གཞི་དེ་གྲོང་མི་ཚོས་སྲུང་སྐྱོང་གང་ལེགས་བྱེད་པའི་མེ་ཏོག་ལྡུམ་ར་ཞིག་ཏུ་གྱུར་ཡོད།

ཚལ་རྐང་གཅིག་མི་ཐོབ་པའི་ཞིང་སའི་ནང་ནས་ཤིང་ཏོག་གི་དྲི་ཞིམ་ཕྱོགས་ཀུན་འཐུལ།

དཀར་མཛེས་རྫོང་ནི་ཁྲོན་བོད་བྱང་རྒྱུད་དུ་གནས་པ་དང་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ620ཡོད་ཅིང་། དུས་ཡུན་རིང་པོའི་ནང་རྫོང་ཡོངས་ཀྱི་སྔོ་ཚལ་མཁོ་སྤྲོད་དེ་གཙོ་བོ་དར་མདོ་དང་གཡག་རྔ།ཁྲེང་ཏུའུ་སོགས་ས་ཁུལ་ནས་དབོར་གྱི་ཡོད། འདིར་ཡོད་པའི་སྔོ་ཚལ་དང་ཤིང་འབྲས་ཚང་མ་ནི་ས་ཆ་གཞན་ནས་དབོར་ཡོང་བ་ཞིག་ཡིན་པས་སྐྱེལ་འདྲེན་གྱི་རིན་པ་མཐོ་བར་མ་ཟད། སྔོ་ཚལ་དང་ཤིང་འབྲས་གསར་པའང་རག་གི་མེད།ཀའོ་པིང་གིས་རྟོག་ཞིབ་ཐེངས་མང་བྱས་པར་བརྒྱུད། 2013ལོར་དཀར་རགས་གྲོང་སྡེར་མཐོ་སྒང་ལྷད་མེད་ཤིང་འབྲས་དང་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་ཐོག་མ་དེ་བཙུགས་པ་དང་།2019ལོར་དུས་བཞིའི་ལྗང་མདོག་མེ་ཏོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད།

ཀོའུ་པིང་གིས་མཉམ་ལས་ཁང་བཙུགས་མ་ཐག་ང་ཚོར་དཀའ་ངལ་མང་པོ་འཕྲད་ཡོད།སྐབས་དེ་དུས་རེ་ཞིག་མཚམས་འཇོག་བྱེད་འདོད་ཡོད།ཕྱིས་སུ་ས་གནས་དེ་གའི་གྲོང་སྡེའི་ཨུ་ལྷན་གཉིས་དང་རོགས་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་མཉམ་ལས་ཁང་གིས་སྔོ་ཚལ་དྲོད་ཁང་ཆེ་མོར་སླར་ཡང་སྒྱུར་བཀོད་དང་འཛུགས་སྐྲུན་བྱས་ཡོད།ད་ཆ་མཉམ་ལས་ཁང་ལ་ཁྱོན་མི10ཡོད་པའི་ནང་བོད་རིགས་ལས་མི6ཡོད། མཉམ་ལས་ཁང་གི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་རྟེན་གཞི་མུའུ240ལ་ཟིན་པའི་ནང་སྔོ་ཚལ་དྲོད་ཁང24ལ་ཁྱོན་མུའུ12དང་།མེ་ཏོག་དྲོད་ཁང4ལ་ཁྱོན་མུའུ3དང་། ཁྱིམ་ཚང་ཞིང་ར་མུའུ60བཅས་ཡོད། གཙོ་བོ་སྔོ་ཚལ་དང་།སུར་པན། རྡོ་ཀུབ།ལྡུམ་སྒོང་།མཐིང་མངར་སོགས་གསོག་ཉར་ཐུབ་པའི་རིགས་དང་།ད་དུང་པད་ཁའི་རིགས་དང་ལུག་མཉེའི་རིགས་སོགས་སྨན་རྒྱུ་འདེབས་གསོ་བྱེད་བཞིན་ཡོད། གཞན་ཡང་ནང་འདྲེན་ཚོད་ལྟ་བྱས་པར་བརྒྱུད་ཤིང་འབྲས་འབྲུག་འབྲས་དང་། ཆུ་ཀུབ་ཆུང་བ། འབྲི་ཏ་ས་འཛིན་སོགས་སྤུས་ལེགས་ཤིང་འབྲས་རིགས་དཀར་མཛེས་རྫོང་དུ་འདེབས་ཐུབ་པ་བྱུང་ཡོད་ཅེས་བཤད།

དཀར་རགས་གྲོང་སྡེའི་ཡུལ་མི་ཕུར་བུས་མཉམ་ལས་ཁང་གི་སྔོ་ཚལ་དྲོད་ཁང་ནང་སྔོ་ཚལ་འཐུ་བཞིན་དུ་སྨྱུག་འཛིན་པར་མཉམ་ལས་ཁང་གི་ང་ལ་ཟླ་རེར་ཡོང་འབབ་སྒོར3000ལྷག་སྤྲོད་བཞིན་ཡོད་པས་ལོའི་ཡོང་འབབ་སྒོར་ཁྲི3ལྷག་རག་བྱུང་། དེ་མིན་ད་དུང་འདེབས་འཛུགས་ལག་རྩལ་མང་པོ་ཤེས་བྱུང་ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་གིས་ཟླ་རེར་ས་གནས་དེ་གའི་མང་ཚོགས་མི་300ཙམ་ལས་ཡུལ་དུ་ལས་ཀ་བྱེད་བཞིན་ཡོད་པའི་ཁར་དེ་ཚོ་ལ་ལག་རྩལ་ཡང་གསོ་སྦྱོང་བྱས་ཡོད། སྔོན་དཔག་བྱས་ན་ལོ་ལྟར་ས་གནས་དེ་གའི་མང་ཚོགས3000ལས་ཞུགས་ཐུབ་ཡོད་པ་དང་ལག་རྩལ་གསོ་སྦྱོང་ཐེངས3000ལྷག་ཙམ་བྱས་ཐུབ་ཡོད། ད་ཆ་མཉམ་ལས་ཁང་གིས་ས་གནས་དེ་གའི་གྲོང་མིར་དཔལ་འབྱོར་གྱི་ཡོང་འབབ་འཕར་སྣོན་བཏང་བར་མ་ཟད་ས་གནས་དེ་གའི་མང་ཚོགས་ལ་བློ་བདེའི་སྔོ་ཚལ་ཡང་བཟའ་རྒྱུ་ཡོད་པ་བྱས་ཡོད།

དཀར་མཛེས་རྫོང་ཞིང་འབྲོག་གྲོང་སྡེ་ཚན་རྩལ་ཅུས་ཀྱི་འགན་འཁུར་བས་དཀར་མཛེས་རྫོང་གིས་ལོ་དེ་དག་ནང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་བས་ས་གནས་དེ་གའི་མི་སེར་ཚོའི་ཤ་ཚལ་སྒོང་གསུམ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པར་མ་ཟད།ཕན་འབྲས་ཆེ་བའི་དཔལ་འབྱོར་སྐྱེ་དངོས་ཕྱིར་ཚོང་དང་དེ་བཞིན་ས་ཞིང་འཁོར་རྒྱུག་གི་ཡོང་འབབ་ཀྱང་མང་དུ་ཕྱིན་ནས་མི་སེར་ཚོའི་དངུལ་ཁུག་མཐུག་པོར་གྱུར་ཡོད་ཅེས་བཤད།

དེ་སྔོན་གྱི་ས་རྒོད་དེ་ད་ལྟའི་དཔེ་སྟོན་གླིང་དུ་གྱུར།

ལོ5ལ་སོན་པའི་ལྷ་སྒྲོན་གྱིས་ཤིང་འབྲས་གླིང་དུ་ངོ་གདོང་ལ་ཡ་མཚན་དང་སྤྲོ་སྣང་གིས་ཁེངས་བཞིན“ཨ་མ། ཕ་གིར་ད་དུང་འབྲི་ཏ་ས་འཛིན་ཞིག་ཡོད་པ་དེ་ང་ལ་འཐུ་རོགས།”ཞེས་བཤད། གཟའ་མཇུག་སླེབས་སྐབས། སེམས་སྐྱིད་ཞིང་རའི་ནང་དུ་ཁྱིམ་བདག་མང་པོས་བུ་ཕྲུག་ཁྲིད་དེ་བོགས་བླངས་པའི་ཞིང་དུམ་ཞིག་ཏུ་འདེབས་འཛུགས་དང་། ཆུ་འདྲེན། ཤིང་འབྲས་འཐོག་པ་བཅས་བྱས་ནས་དེ་གར་ཕུན་སུམ་ཚོགས་པའི་ཉིན་གཅིག་འདའ་ཆོག་གི་ཡོད།

ཞིང་རའི་ནང་བོགས་གཏོང་རྒྱ་ཁྱོན་མི་འདྲ་བའི་ས་ཞིང40ལྷག་བགོས་ཡོད། སྨི་ངོས་རེར་སྒོར10སྤྲད་ན་ལོ་གཅིག་ལ་བཀོལ་སྤྱོད་བྱེད་ཆོག། ཞིང་རས་རིན་མི་དགོས་པར་འདེབས་འཛུགས་ལ་མཁོ་བའི་ས་བོན་དང་།ཞིང་ལུད། ཆུ། ཞིང་ཆས། དེ་བཞིན་ལག་རྩལ་མཛུབ་ཁྲིད་སོགས་མཁོ་འདོན་བྱས་ཡོད། སེམས་སྐྱིད་ཞིང་རར་མེ་ཏོག་ཉོ་སྒྲུབ་ཁུལ་བཀོད་སྒྲིག་བྱས་ཡོད་པ་དང་། ཞིང་རའི་ནང་གི་མེ་ཏོག་རྣམས་ལོ་གཅིག་གི་དུས་ཚིགས་བཞི་བོར་ཡོད་པར་མ་ཟད། ནམ་ཚོད་དགོས་མཁོ་ཡོད་ཚེ་ནམ་ཚོད་ཡོད་པར་མ་ཟད་ཁྲོམ་རའི་རིན་གོང་ལས་དམའ་བ་ཡོད། ཤིང་འབྲས་འཐུ་ཁུལ་གྱི་འབྲི་ཏ་ས་འཛིན་དང་།ལྡུམ་སྒོང་།རྡོ་ཀུབ་སོགས་ལ་སྤྱི་གནོད་མེད་པར་མ་ཟད་ཁྲོམ་རའི་ཐོག་བྲིན་ཚོང་བྱས་པའི་རྡོ་ཀུབ་ལས་བྲོ་བ་ཡང་ཞིམ་པོ་འདུག་ཅེས་ཀོའུ་པིང་གིས་ངོ་སྤྲོད་དེ་ལྟར་བྱས།

2019ལོར་ཀོའུ་པིང་གིས་མཐོ་སྒང་གི་ལྷད་མེད་ཤིང་འབྲས་དང་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་དེ་སེམས་སྐྱིད་ཞིང་རར་རིམ་སྤོར་བྱས་པ་དང་། ད་ཆ་སེམས་སྐྱིད་ཞིང་ར་དེ་དཀར་མཛེས་རྫོང་གི་དཔེ་སྟོན་ཁྱབ་གདལ་དང་། ཚན་རིག་ཁྱབ་གདལ་སློབ་གསོ། ཤིང་འབྲས་འཐུ་བ། སྤྲོ་གསེང་། རོལ་རྩེད། བཟའ་བཏུང་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་རིག་གནས་དང་སློབ་གྲྭ།ཞིང་ལས་བཅས་ཀྱི་དཔེ་སྟོན་གླིང་ཁུལ་ཞིག་ཏུ་གྱུར་ཡོད། ཞིང་རར་སྤྲོ་གསེང་རོལ་རྩེད་ཁུལ་དང་།ཚན་རིག་ཁྱབ་གདལ་དཔེ་སྟོན་ཁུལ། སྐྱེ་ཁམས་སྔོ་ཚལ་གླིང་ཁུལ། ཤིང་འབྲས་འཐུ་ཁུལ། མེ་ཏོག་ཉོ་སྒྲུབ་ཁུལ་བཅས་བཙུགས་པ་རེད།

ཀོའུ་པིང་གིས་མཉམ་ལས་ཁང་གི་སྔོ་ཚལ་ཕྱིར་ཚོང་བྱེད་ཚད་ལོ་རེར་སྒོར་ཁྲི20ལྷག་ཙམ་ཟིན་གྱི་ཡོད་པས་ས་ཞིང་གི་སྤྱོད་ཚད་མཐོ་རུ་ཕྱིན་པར་མ་ཟད།ད་དུང་མི་སེར་གྱི་ལས་ཀའི་བརྩོན་སེམས་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས་ཡུལ་སྡེ་དར་རྒྱས་ལ་དམིགས་ནས། “10+2”ཀྱི་དེང་རབས་ཞིང་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་། ས་གནས་དེ་གའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཞིང་ལས་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཐོན་ལས་ཀྱི་གནས་སྟངས་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་། ཐོན་ལས་གླིང་ཁུལ་དང་གྲོང་ཚོ་རིམ་པའི་ཆེད་ལས་མཉམ་ལས་རྩ་འཛུགས། ཐུན་མོང་དཔལ་འབྱོར། ཞིང་དུད་བཅས་ཟུང་འབྲེལ་བཞིའི་བྱེད་ཐབས་དམ་འཛིན་བྱ་གཞིར་བྱས་ཏེ། ཁྱད་ཆོས་ལྡན་པ་དང་ཁྲོམ་ར་ཡོད་པ།ཕན་འབྲས་ཡོད་པ།གཞི་ཁྱོན་ལྡན་པ།སྤུས་རྟགས་ལྡན་པ་བཅས་ཀྱི་གྲོང་གསེབ་ཐོན་ལས་ཁག་གཅིག་བཏོད་ཡོད། རྫོང་དེས་ནས་དང་།པད་ཁ།ཞོག་ཁོག། སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་རྟེན་གཞི་བསྐྲུན་ནས། མིག་སྔར་མི11གིས་ལས་གཏོད་ལེགས་འགྲུབ་བྱུང་ནས་མང་ཚོགས་ལ་ཐད་ཀར་ཡོང་འབབ་སྒོར་ཁྲི1700ལྷག་ཙམ་འཕར་སྣོན་བྱུང་ཡོད་པ་རེད།

ཞིང་རར་སྔོ་ཚལ་དང་ཤིང་འབྲས་ཀྱིས་ཁེངས་པས་རེ་བ་དང་ཡིད་ཆེས་ཀྱིས་ཀྱང་ཁེངས་ཡོད་ལ། སེམས་སྐྱིད་ཞིང་རས་མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་མཛེས་ཉམས་བསྣན་པར་མ་ཟད།ད་དུང་ཞིང་པའི་འཚོ་བ་སྐྱིད་པོ་གསར་དུ་བསྐྲུན་ཡོད། ད་ཆ་སྐྱེ་ཁམས་མཛེས་པ་དང་།ཐོན་ལས་དར་བ།གྲོང་མི་ཕྱུག་པ།ཁོར་ཡུག་བཟང་བ་བཅས་ཀྱི་གྲོང་གསེབ་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་ཞིག་དེ་གར་དལ་གྱིས་མངོན་བཞིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ལས་རིགས་སློབ་གླིང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་སློབ་མས་ཁས་ལེན་ཞིང་ཁྱིམ་བདག་གིས་བློས་འཁེལ་དང་སྤྱི་ཚོགས་ཡི་རང་བའི་མཐོ་རིམ་ལས་རིགས
  • ལེ་ཚན་རྗེས་མ།:སུང་ཀུའོ་འགྲོ་སྐྱོད་ཀྱིས་རང་ཁུལ་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10