སུང་ཀུའོ་འགྲོ་སྐྱོད་ཀྱིས་རང་ཁུལ་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་བྱས།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2021-10-11

ཉིན་ཤས་གོང་དུ། གསར་འགོད་པས་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། འགྲིམ་འགྲུལ་ཚན་རྩལ་ཐད་ཀྱི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་འབྱུང་འཕྲོད་ཐཱན་ཉུང་འགྲོ་སྐྱོད་ཀྱི་དར་སྲོལ་གསར་པས་སྣེ་ཁྲིད་བྱས་ནས། རང་ཁུལ་གྱི་ཡུལ་སྡེ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་འཕེལ་རྒྱས་འགྲོ་རྒྱུར་དེ་བས་ལེགས་པའི་སྒོ་ནས་རོགས་རམ་བྱ་ཆེད། སུང་ཀུའོ་འགྲོ་སྐྱོད་ཀྱིས་སླར་ཡང་བྱ་ཐབས་དངོས་བཏོན་པ་རེད།

སུང་ཀུའོ་འགྲོ་སྐྱོད་ནི་རང་རེའི་ཁུལ་བཙུགས་ནས་ལོ70འཁོར་བའི་གནས་མཆོག་དཀར་མཛེས་ཁུལ་གྱི་ཐོན་ཁུངས་ལེགས་ལྡན་འོས་སྦྱོར་ཚོགས་འདུའི་ཐོག་མིང་རྟགས་བཀོད་པའི་ཚོང་འགུགས་མ་འདྲེན་གྱི་ལས་གཞི་ཞིག་ཡིན་ལ། གྲོང་ཁུལ་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་གཏོང་བ་དང་། གྲོང་མི་དང་ཡུལ་སྐོར་བའི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པའི་དམངས་ཕན་ལས་གཞི་ཞིག་ཡིན། དེ་ནི་འབྲེལ་དྲྭ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཟུང་དུ་འབྲེལ་བའི་བྱེད་ཐབས་གསར་གཏོད་བྱས་ནས། རྒྱ་ཆེ་བའི་མང་ཚོགས་ལ་སྟབས་བདེ་དང་ཐཱན་ཉུང་གི་འགྲོ་སྐྱོད་ཐབས་ལམ་མཁོ་འདོན་བྱས་པའི་ལམ་བུ་ཡིན་པར་མ་ཟད། རང་ཁུལ་གྱི་སྐྱེ་ཁམས་དམིགས་སུ་བཀར་ནས་འབྱུང་འཕྲོད་འཕེལ་རྒྱས་གཏོང་བའི་འདུ་ཤེས་གསལ་འགྲེལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན།

2020ལོའི་ཟླ་བ7པར། རང་ཁུལ་གྱི་རོང་བྲག་རྫོང་དེ་སུང་ཀུའོ་འགྲོ་སྐྱོད་སི་ཁྲོན་དུ་ཐོན་པའི་ས་བབ་མཐོ་བའི་གྲོང་ཁྱེར་དང་པོར་གྱུར་ཡོད། ས་བབ་མཐོ་བའི་གྲོང་ཁྱེར་གྱི་གྲོང་མི་དེ་བས་མང་བར་སྟབས་བདེ་དང་འབྱུང་འཕྲོད་འགྲོ་སྐྱོད་བྱེད་སྟངས་མཁོ་འདོན་བྱེད་པར་གཞིགས་ནས། འགྲོ་སྐྱོད་གཞི་རིམ་དུ་མི་བསླེབ་པའི་གནད་ལས་ཐག་གཅོད་བྱེད་ཆེད། སུང་ཀུའོ་འགྲོ་སྐྱོད་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་རོང་བྲག་རྫོང་དུ་བཅའ་སྡོད་བྱས་རྗེས་ལི་ཐང་རྫོང་དུ་སླར་ཡང་གཞི་ཚུགས་པ་རེད། ལོ་འདིའི་སྤྱི་ཟླ8པའི་ཟླ་མཇུག་བར། སུང་ཀུའོ་འགྲོ་སྐྱོད་ཀྱིས་རང་ཁུལ་གྱི་དཀར་མཛེས་རྫོང་དང་།ཉག་རོང་རྫོང་།སྡེ་དགེ་རྫོང་།དཔལ་ཡུལ་རྫོང་།སེར་ཤུལ་རྫོང་།གསེར་རྟ་རྫོང་།ལི་ཐང་རྫོང་སོགས་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་དབུལ་སྐྱོར་རྫོང་དུ་རླངས་འཁོར་བཏང་བར་མ་ཟད། ས་གནས་དེ་གའི་མི་བརྒྱ་ལྷག་ཙམ་ལས་ཞུགས་ཐུབ་པ་དང་རླངས་འཁོར་བཏང་ཚུན་རིམ་རྩིས་བྱས་ན་མི་ཁྲི30ལྷག་ཙམ་ལ་འཁོར་སྤྱོད་ཞབས་ཞུ་བྱས་པ་དང་། ཐཱན་འབུད་ཚད་ཏུན2500ཇེ་ཉུང་དུ་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྗེས་སུ་སུང་ཀུའོ་འགྲོ་སྐྱོད་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ཁུལ་གྱི་རྟའུ་རྫོང་དང་བྲག་མགོ་རྫོང་ལ་རླངས་འཁོར་བཏང་ནས་གཉེར་སྐྱོང་བྱེད་པའི་གཙོ་གནད་རྫོང་དུ་བཞག་ནས། རང་ཁུལ་གྱི་རྫོང་ཁུལ་གྲོང་ཁྱེར་དུ་སྔར་ལས་གཞི་ཚུགས་པར་བྱས་ཏེ་རྫོང་ཁོངས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་སྐྱོར་ཧུར་ཐག་བྱས་ནས། རྫོང་ཁོངས་ཀྱི་མི་སེར་ལ་དེ་བས་སྟབས་བདེ་དང་ཕན་པ་དངོས་ཐོབ་པའི་འགྲོ་སྐྱོད་མཁོ་འདོན་བྱས་ནས་མགྱོགས་མྱུར་ངང་རང་ཁུལ་གྱི་ཡུལ་སྡེ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་ཡོངས་སུ་ཁྱབ་པར་བྱ་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:སེམས་སྐྱིད་ཞིང་རས་གྲོང་སྡེའི་མཛེས་ཉམས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།